དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་ནུས་ལྡན་བསྟར་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་པ། མཚོ་བོད་ས་མཐོའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། ཟླ་6ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་2023ལོར་གཏན་འབེབས་ལག་བསྟར་བྱས་པ་དེ་ནི་རང་རྒྱལ་གྱི་ཆེད་དམིགས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་ཚད་ལྡན་དུ་གཏོང་བའི་བཅའ་ཁྲིམས་ཐོག་མ་ཡིན་པ་དེ་ལས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ་དང་། འབྲེལ་ཡོད་སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་པ། ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་བཅའ་ཁྲིམས་ལམ་ལུགས་བརྒྱུད་རིམ་ལྡན་པའི་ངང་བཙུགས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།

    ཚེས་22ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་7པ་དང་8པར་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5རུ་ས་གནས་ས་ཐོག་གི་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། ཞིབ་བཤེར་ཚོགས་ཆུང་ཁག་གིས་ས་གནས་སུ་ལས་དོན་སྤེལ་བར་སྐྱོད་རིང་སྙན་སེང་ཉན་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ། སྐབས་བསྟུན་འཐེན་བཤེར་བྱེད་པ། འདྲི་ཤོག་བརྟག་དཔྱད་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་དང་གནས་པའི་གནད་དོན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་རྒྱུ་རེད།

    ཁྲིམས་སྒྱུར་བརྟག་དཔྱད་བྱེད་རིང་ཕྱོགས་བརྒྱད་ཐད་ཀྱི་ནང་དོན་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་སྟེ། བཅའ་ཁྲིམས་དྲིལ་བསྒྲགས་ཁྱབ་གདལ་དང་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱས་ཚུལ་དང་། མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་བཟོ་ཚུལ། སྐྱེ་ཁམས་བདེ་འཇགས་བཀོད་སྒྲིག་གནས་ཚུལ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱས་ཚུལ། སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས་ཚུལ། འགན་ལེན་དང་ལྟ་སྐུལ་བྱས་ཚུལ། བཅའ་ཁྲིམས་ལག་བསྟར་བྱེད་རིང་གི་དཀའ་གནད་དང་གནད་དོན་གཙོ་བོ་དང་བཅའ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བསམ་འཆར་དང་གྲོས་འགོ མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།