ངེས་གནས་གསར་པས་ཀྲུང་གོ་དང་འཇོར་ཇི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མདུན་ལྗོངས་གསར་པ་བཏོད་པ།
ད་ལོ་ནི་ཀྲུང་གོ་དང་འཇོར་ཇི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་34འཁོར་བའི་ལོ་ཞིག་ཡིན་ཞིང་། ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇོར་ཇི་ཡའི་ཙུང་ཐུང་ཁཱ་ཝེ་ལ་ཧྲི་ཝེ་ལིས་ཀྲུང་འཇོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་34འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་དང་འབྲེལ་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཡིན་ལུགས་མཉམ་དུ་ཁྱབ་བསྒྲགས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་ཕྱོགས་ཡོངས་ནས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པས་ཀྲུང་འཇོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མདུན་ལྗོངས་གསར་པ་བཏོད་ཡོད།
ཀྲུང་འཇོར་རྒྱལ་ཁབ་གཉིས་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན་ཞིང་། ལོ་34ཡི་རིང་ཀྲུང་གོ་དང་འཇོར་ཇི་ཡ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འཇོར་ཇི་ཡ་ནི་ཕྱི་ཕྱོགས་ཀའོ་ཅ་སུའོ་ས་ཁུལ་གྱི་ཀྲུང་གོའི་འཐབ་ཇུས་རོགས་ཟླ་དང་པོ་དེ་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་པོས་ཀྲུང་འཇོར་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཇོར་ཇི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཡོངས་བསྒྲགས་ངང་དང་ལེན་དང་རྒྱབ་སྐྱོར་བྱས་ནས། ཀྲུང་གོས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་ཧུར་ཐག་བྱེད་པ་ནི་ཟང་ཟིང་གི་འཛམ་གླིང་ཁྲོད་ཀྱི་བརྟན་ལྷིང་གི་སྟོབས་ཤུགས་ཤིག་རེད་ཅེས་བསྔགས་བརྗོད་ཆེན་པོ་བྱས་ཡོད། ཕྱོགས་གཉིས་པོས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཤིང་། ན་ནིང་ཚུན་དུ་འཇོར་ཇི་ཡའི་ཙུང་ལི་དང་། དབྱི་ཀྲང་། རྒྱལ་སྲིད་ལས་ཁུངས་ཀྱི་པུའུ་ཀྲང་བཅས་དང་དེ་བཞིན་སྲིད་སྐྱོང་ཏང་གི་མཐོ་རིམ་མི་སྣ་མང་པོ་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་ཕྱོགས་ཀྱི་ཚོགས་པ་མང་པོ་ཞིག་གིས་ཀྱང་འཇོར་ཇི་ཡར་འཚམས་འདྲི་བྱས་ཡོད།
གཉིས་ཕན་མཉམ་ལས་ནི་ཀྲུང་འཇོར་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་འགྲོ་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན་ཞིང་། འཇོར་ཇི་ཡ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ལེན་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་འཇོར་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་བྱུང་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་དང་། དེང་རབས་ཅན་གྱི་ལྕགས་ལམ། རླུང་གློག་འོད་ཤུགས་སོགས་ནུས་རྒྱུ་གསར་པའི་སྒྲིག་བཀོད་ཀྱིས་འཇོར་ཇི་ཡའི་ཕན་ཚུན་སྦྲེལ་མཐུད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་འགན་ལེན་བརྟན་པོ་བྱས་ཡོད།
ན་ནིང་ཀྲུང་གོ་མི་དམངས་དངུལ་ཁང་གིས་འཇོར་ཇི་ཡའི་རྒྱལ་ཁབ་དངུལ་ཁང་དང《ཕྱོགས་གཉིས་པོའི་མཉམ་ལས་སྐོར་གྱི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་ཡོད། མི་རིང་བའི་གོང་ཕྱོགས་གཉིས་པོས་ཀྲུང་གོ་དང་འཇོར་ཇི་ཡའི་རང་མོས་ཚོང་དོན་ཆོད་ཡིག་གི་རིམ་སྤོར་གྲོས་ཆོད་ཡི་གེར་མིང་རྟགས་བཀོད་པ་དང་། ཀྲུང་འཇོར་གྱི་རང་མོས་ཚོང་དོན་ཆོད་ཡིག་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་རྗེས་ཀྲུང་གོས་འགོ་བརྩམས་པ་དང་འབྲེལ་གྲོས་མཐུན་བྱུང་བའི་རང་མོས་ཚོང་དོན་གྱི་ཆོད་ཡིག་ཐོག་མ་དེ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་རྒྱལ་ཁབ་དབར་བཞག་པའི་རང་མོས་ཚོང་དོན་གྱི་ཆོད་ཡིག་ཐོག་མ་དེའང་ཡིན་པས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
2024ལོར་ཀྲུང་འཇོར་དབར་ལམ་ཡིག་དཀྱུས་མ་ཡོད་པའི་མི་སྣར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་ནས་གོ་ཆོད་རྗེས་རྒྱལ་ཁབ་གཉིས་པོའི་དབར་མི་སྣ་འགྲོ་འོང་བྱེད་ཚད་ཉིན་བཞིན་མང་དུ་ཕྱིན་ནས་ན་ནིང་ཀྲུང་གོའི་ཡུལ་སྐོར་བ་ཁྲི་12.8འཇོར་ཇི་ཡར་བསྐྱོད་པ་དེ་དུས་མཚུངས་ལས་44%འཕར་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་འཇོར་ཇི་ཡའི་སྤྱི་དམངས་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དང་། ཚོང་གཉེར། སློབ་སྦྱོང་བྱེད་པར་ཡོང་གི་ཡོད་ལ། འཇོར་ཇི་ཡར“རྒྱ་ཡིག་སྦྱོང་བའི་ཚ་རླབས”དང“ཀྲུང་གོར་སྐྱོད་པའི་ཚ་རླབས”ཀྱང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།
རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཕྱོགས་གཉིས་པོས་ཀྲུང་འཇོར་འགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་འོག་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་སྐྱོང་བྱེད་པ། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་འཇོར་འབྲེལ་བ་འཕེལ་རྒྱས་དེ་བས་ཟབ་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
(རྩོམ་པ་པོ་ནི་འཇོར་ཇི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།