མཚོ་སྔོན་རྨ་སྟོད་འོད་ཤུགས་དབུལ་སྐྱོར་གློག་ཁང་གི་གློག་རིན་ཡོང་འབབ་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ།
མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་9ཉིན་བར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་ཞལ་འདེབས་བརྒྱབ་ནས་བསྐྲུན་པ་དང་དམིགས་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་འོད་ཤུགས་དབུལ་སྐྱོར་གློག་ཁང་གཉིས་ཀྱི་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་2.25ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར་1.08བྱུང་ཡོད། ཡོང་འབབ་བརྟན་པོ་དེར་ས་གནས་དེ་གའི་མང་ཚོགས་ཀྱིས་འཛད་མཐའ་བྲལ་བའི“ཉི་འོད་དངུལ་འཛིན”ཞེས་བརྗོད་ཀྱི་ཡོད།
ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་རྨ་སྟོད་རྫོང་དུ་ཉི་འོད་འཕྲོ་ཡུན་རིང་བ་དང་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། 2016ལོར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས“ས་གྲོལ་རྣམ་པ”སྤྱད་དེ་གོར་མོ་གྲོང་ཁྱེར་གྱི་འདབས་སུ་ཀྲའོ་ཝ་10ཡི་དམིགས་འཛུགས་དབུལ་སྐྱོར་འོད་ཤུགས་གློག་ཁང་གཅིག་བསྐྲུན་ནས་གློག་གཏོང་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཁབ་གློག་དྲའི“ཉི་འོད་དབུལ་སྐྱོར”བྱ་སྤྱོད་ཀྱི་གློག་ཁང་ཐོག་མ་རེད་ལ། མཚོ་སྔོན་ཞིང་ཆེན་གྱི་དམིགས་འཛུགས་དབུལ་སྐྱོར་གློག་ཁང་ཐོག་མའང་རེད། 2018ལོར་ཀྲའོ་ཝ་4.4ཟིན་པའི་འོད་ཤུགས་དབུལ་སྐྱོར་གྲོང་སྦྲེལ་གློག་ཁང་གཉིས་པ་རྨ་སྟོད་རྫོང་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།
འོད་ཤུགས་དབུལ་སྐྱོར་གློག་ཁང་གཉིས་པོའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་14.4ཟིན་པ་དང་། གློག་རིན་ཡོང་འབབ་ཚང་མ་རྨ་སྟོད་རྫོང་གི་ཤང་2དང་གྲོང་རྡལ་2ཀྱི་སྲིད་འཛིན་གྲོང་ཚོ་30ཡི་འཕེལ་རྒྱས་ཐད་སྤྱད་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་མ་དངུལ་བཏང་བ་ལས་རྒྱུན་མཐུད་ཆོག་པའི་དམིགས་འཛུགས་རོགས་སྐྱོར་འབབ་ཁུངས་བརྟན་པོ་ཞིག་ཆགས་ཡོད།
“གློག་ཁང་གིས་གློག་ཇི་ཙམ་མང་བ་བཏང་ན་མང་ཚོགས་ལ་ཕན་པ་དེ་ཙམ་གྱིས་མང་བ་ཐོབ་ཀྱི་ཡོད” རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་སིས་རྨ་སྟོད་རྫོང་རྨ་ལ་ཞི་གྲོང་ཚོར་མངགས་པའི་ཧྲུའུ་ཅི་དང་པོ་ཀྲང་གོ་ཏུང་གིས། འོད་ཤུགས་དབུལ་སྐྱོར་གློག་ཁང་གིས་གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་མང་ཚོགས་ལས་ཞུགས་དང་། བུ་ཕྲུག་སློབ་ཞུགས། ནད་ཆེན་རོགས་སྐྱོབ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དམངས་འཚོའི་བདེ་རྩར་བསྒྱུར་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།