གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་མེད་གནམ་གྲུའི་དངོས་འཐབ་བཀོལ་སྤྱོད་གསོ་སྦྱོང་སྐབས་དང་པོ་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་བཞད་མཐོང་སྨོན་རྫོང་དུ་མི་མེད་གནམ་གྲུའི་དངོས་འཐབ་བཀོལ་སྤྱོད་གསོ་སྦྱོང་སྐབས་དང་པོ་བྱས་པ་དང་། ཉིན་8རིང་ཉིང་ལག་རུ་ཁག་གི་གནམ་གྲུ་གཏོང་མཁན་7སྒོ་སྡོམ་རྣམ་པའི་གཅིག་སྡུད་སྦྱོང་བརྡར་ལ་ཞུགས་པ་རེད།
མཐོ་གནས་ཀྱི་སྐུལ་འདེད་མཐའ་འཁྱོངས་ཀྱིས་དངོས་འཐབ་ཀྱི་དགོས་མཁོར་གཞི་ཚུགས་ཏེ“གོ་སྐབས་སྔོན་འཛིན”བྱས་ཤིང་། ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དེ་ཉིད་འཕྲལ་སྡོམ་འཕྲིན་གཏོང་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྗོངས་ཡོངས་ཀྱི་མི་མེད་གནམ་གྲུའི་དངོས་འཐབ་དམག་སྦྱོང་གི་སྣེ་ཁྲིད་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཡོད། ཉིང་ལག་རུ་ཁག་གི་ལས་གནས་དམག་སྦྱོང་གི་དོན་དངོས་ལ་གཞི་ཚུགས་ཏེ་གཞིས་རྩེའི་ས་མཐོའི་གྲང་ངར་ཆེ་བ་དང་། ས་བབ་རྙོག་འཛིང་ཆེ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་བཅས་ཀྱི་ས་ཁོངས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། གསོ་སྦྱོང་གི་ཇུས་གཞི་ཆེད་དོན་ཞིབ་འཇུག་བྱས་ནས་བཟོས་ཏེ། གསོ་སྦྱོང་གི་དམིགས་ཚད་དང་། སློབ་ཚན་བཀོད་སྒྲིག བདེ་འཇགས་འགན་སྲུང་གི་བྱ་ཐབས་བཅས་ཁ་གསལ་བཟོས་ཡོད། ལས་རིགས་ཀྱི་བསླབ་པ་རྒན་གྲས་སློབ་ཁྲིད་བྱེད་པར་གདན་དྲངས་པ་དང་མཁའ་དབྱིངས་དོ་དམ་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་ཆེད་སྤྱོད་མཁའ་ཁོངས་ཤར་གཏོང་བྱེད་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་ལ་ལས་སྒོའི་འཇོན་ཐང་ཆེ་བའི་གནམ་གྲུ་གཏོང་མཁན་7ལེགས་འདེམས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་སྒོ་སྡོམ་རྣམ་པའི་དོ་དམ་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་གིས་མི་མེད་གནམ་གྲུའི་དངོས་འཐབ་བཀོལ་སྤྱོད་ཀྱི་ལྟེ་བའི་བླང་བྱར་དམ་པོར་དམིགས་ནས“རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་དངོས”ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ཡོད། རིགས་པའི་གཞུང་ལུགས་ཐད་མི་མེད་གནམ་གྲུའི་རྩ་བའི་རིགས་པའི་གྲུབ་ཚུལ་དང་། མཁའ་དབྱིངས་དོ་དམ། འཕུར་སྐྱོད་བདེ་འཇགས་དོ་དམ་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་བརྒྱུད་རིམ། དེ་བཞིན་མེ་ཟོན་རོགས་སྐྱོབ་ཀྱི་རྣམ་པ་བཀོལ་སྤྱོད་སོགས་ཀྱི་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས་གསོ་སྦྱོང་ལ་ཞུགས་མཁན་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། བཀོལ་སྤྱོད་དངོས་ཀྱི་སྦྱོང་བརྡར་ཐད་ས་ངོས་ས་ཚིགས་སུ་འཆར་འགོད་འདིང་བ་དང་། མི་མེད་གནམ་གྲུ་རྒྱང་འཛིན་བཀོལ་སྤྱོད། བར་ཐག་རིང་པོར་མྱུལ་ཞིབ་སྐོར་སྐྱོད། རྙོག་འཛིང་ཆེ་བའི་ས་དབྱིབས་ཀྱི་གནད་སྨིན་ལྡིང་འཁོར། མི་མེད་གནམ་གྲུ་འཕྲལ་སྡོམ་བཀོལ་སྤྱོད་སོགས་རྣམ་གྲངས་སྦྱོང་བརྡར་ལ་དམིགས་ཡོད། “དམར་ཁྲིད”སློབ་ཁྲིད་དང“གཅིག་གཏད་གཅིག”གི་ཡོ་བསྲང་བྱས་པ་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་སློབ་མ་7གྱིས་མི་མེད་གནམ་གྲུའི་ལྟེ་བའི་བཀོལ་སྤྱོད་རྩལ་ནུས་ཁོང་དུ་ཆུད་ནས“འཕུར་ཤེས་པ”ནས“འཕུར་མཁས་པའི”བར་དང་། “ལད་ཟློས”ནས“དངོས་འཐབ”བར་གྱི་དཀའ་གནད་ནུས་ལྡན་བསལ་ཡོད་པ་རེད།
གསོ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་གཅིག་སྡུད་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར“ལས་འཛོལ་གཅིག་ཀྱང་མི་ཐོན་པའི”འགན་ལེན་བྱས་ཤིང་། གསོ་སྦྱོང་འཛིན་གྲྭས་ཐོག་མཐའ་བར་གསུམ་དུ“གཟབ་ནན་དང་བདེ་འཇགས་ཨང་དང་པོར་འཇོག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་བཀའ་ཁྲིམས་སྲོལ་ཡིག་དང་ཉིན་གཅིག་གི་འཚོ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།