ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་དང་སློབ་གྲྭའི་མེ་ཟོན་བདེ་འཇགས་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་དང་སློབ་གྲྭའི་མེ་ཟོན་བདེ་འཇགས་ཐད་ཀྱི་ཉེན་ཁ་མངོན་གསལ་དོད་རིགས་འགོག་སེལ་ཏན་ཏིག་བྱ་ཆེད། ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ཁོངས་གཏོགས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་། སློབ་གསོ། འཕྲལ་སྡོམ་སོགས་སྡེ་ཚན་དང་མཉམ་དུ་གཙོ་གནད་ཁུལ་གཉིས་སུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁུལ་གཉིས་ལ་བཅོས་སྒྲིག་བྱ་རྒྱུའི་གཙོ་གནད་ལ་དམ་པོར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མེ་གསོད་ཆེད་ལས་ཀྱི་ཁྲིམས་འཛིན་དང་ལག་རྩལ་གྱི་ལེགས་ཆར་བརྟེན་པ། ཡོངས་ཁྱབ་གྲལ་བཤེར་གྲ་སྒྲིག་ལས་ཀ་སྒྲིག་འཛུགས་བཅས་བྱས་ནས། བཅོས་སྒྲིག་གནད་སྨིན་དང་སྲིད་ཇུས་ལག་བསྟར་བྱ་ཆེད“མེ་ཟོན་གྱི་བློ་གྲོས”མཁོ་འདོན་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་གཞི་རིམ་གྱི་མེ་ཟོན་དང་ལས་རིགས་ལྟ་འདོམས་ཀྱི་ལེགས་ཆ་ཉིས་བརྩེགས་ལ་བརྟེན་ཏེ། ཁོང་གཏོགས་ཁུལ་གྱི་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་དང་སློབ་གྲྭ་སོགས་གཙོ་གནད་ཁུལ་གཉིས་ལ་ལེབ་བཤེར་བྱས་ཤིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་127དང་སློབ་གྲྭ་32ལ་གྲལ་བཤེར་བྱས་པ་དང་། མེ་ཟོན་གྱི་མངོན་མེད་རྐྱེན་ངན་དང་བདེ་འཇགས་ཀྱི་གནད་དོན་196བཅོས་སྒྲིག་བྱེད་པར་ལྟ་སྐུལ་བྱས་པ་རེད།
ས་གནས་ཁག་གིས་དུས་མཚུངས་སུ་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། “ཁྱིམ་དུ་སྐྱོད་པ་དང་། གཅིག་སྡུད་དྲིལ་བསྒྲགས། དྲ་ཐོག་ཏུ་འདེད་སྐྱེལ”བཅས་ཀྱི་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ། གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པའི་གཉེར་སྐྱོང་དུད་ཚང་དང་། སློབ་གྲྭའི་དགེ་སློབ། དེ་བཞིན་ལས་གཉེར་མི་སྣ་བཅས་ལ་མེ་ཟོན་ཤེས་བྱ་སྒྲོག་འགྲེལ་གནད་སྨིན་བྱས་པ་དང་། གཙོ་གནད་ཁུལ་གཉིས་ཀྱི་ལས་གནས་ཁག་གི་མེ་ཟོན་བདེ་འཇགས་འགན་འཁྲི་དང་། རྣམ་ཀུན་མེ་ཟོན་གྱི་ཡིད་གཟབ་གནད་དོན། དེ་མིན་མངོན་མེད་རྐྱེན་ངན་རང་བཤེར་རང་བཅོས་བྱེད་པའི་ཐབས་ལམ་སོགས་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བརྒྱབ་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། མེ་ཟོན་བདེ་འཇགས་གསོ་སྦྱོང་དང་ནང་སྦྱོང་ཐེངས་23བྱས་པ་དང་། མེ་ཟོན་བདེ་འཇགས་ཤེས་བྱའི་ལག་དེབ་1200ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་བྱས་པ་བརྒྱུད་མང་ཚོགས་དང་དགེ་སློབ་མི་ཐེངས་2500ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། ད་དུང་གཙོ་གནད་ཁུལ་གྱི་ལས་གཉེར་མི་སྣ་དང་སློབ་གྲྭའི་དགེ་སློབ་ཀྱི་མེ་ཟོན་བདེ་འཇགས་གྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་གཞན་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།