“འཛམ་གླིང་གི་དཀའ་གནད”བསལ་ནས“ཀྲུང་གོའི་ཇུས་གཞི”ལེགས་སྐྱེས་ཕུལ་བ།
མུ་མེད་འཁྱགས་སར་གཡུ་འབྲུག་སྔོན་མོ་ཁྱུག བགྲང་བྱ་ཉི་ཤུའི་བདེ་འཇགས་ལོ་རྒྱུས་བཏོད།

འདི་ནི་ལས་དོན་པས་རང་རྒྱལ་གྱིས་བཟོས་པའི་0རིམ་པའི་ལྕགས་ལམ་ཞིབ་བཤེར་ཡོ་བྱད་སྤྱད་དེ་ལྕགས་ལམ་ལ་ཞིབ་བཤེར་བྱེད་བཞིན་པ།
ཆ་སྙོམས་ས་བབ་སྨི་4000ཡན་གྱི་མཚོ་བོད་ས་མཐོར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ས་གཤིས་རྙོག་འཛིང་ཆེ་ཤོས་ཀྱི་ལོ་མང་བསྟུད་མའི་འཁྱགས་ས་སྤྱི་ལེ་550ཡོད་པས། གོ་ལ་ཧྲིལ་པོའི་ལས་གྲྭའི་ལས་རིགས་ཀྱིས་སྒྲོལ་ཐབས་བྲལ་བའི“ལྕགས་ལམ་བཀག་སྡོམ་ཁུལ”དུ་བརྩི་ཡི་ཡོད།
ད་ཆ། ཁུ་ནུ་རི་བོ་ནི་སྔར་བཞིན་བརྗིད་ཆགས་ཤིང་འཁྱགས་སའང་སྔར་བཞིན་བག་ལ་ཉལ་མོད། འོན་ཏེ་གཡུ་འབྲུག་སྔོན་མོ་བདེ་འཇགས་ངང་དེ་གར་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད།
2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཡོད།
ལོ་20སོང་རྗེས། ཆུ་ཚོད་རེར་སྤྱི་ལེ་100ཡི་མྱུར་ཚད་ལྡན་པའི་ལྕགས་ཀྱི་གཡུ་འབྲུག་སྔོན་མོ་དེས་འཁྱགས་སའི་གནོད་འཚེ་ཡོད་དོ་ཅོག་ཁྱད་དུ་བསད་ནས་འཛམ་གླིང་ཡང་རྩེར་བདེ་འཇགས་ཀྱི་ལས་འཛོལ་ཐོན་མྱོང་མེད་པའི་ཟིན་ཐོ་བཏོད་དེ། གོ་ལ་ཧྲིལ་པོའི་འཁྱགས་སའི་ལྕགས་ལམ་ལ་སྔར་མེད་ཀྱི་ཚད་ཤིང་ཞིག་བཏོད་ཡོད།
དཀའ་གནད།
སྔོན་ཆད་འཁྱགས་སས་ས་མཐོར་ལྕགས་ལམ་གདིང་བར་དཀའ་གནད་བཟོས་པ།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མཚོ་བོད་ལྕགས་ལམ་སྐྲུན་རྩིས་ཐེངས་མང་བྱས་པ་དང་བར་ཆད་ཐེངས་མང་འཕྲད་པའི་གནད་འགག་ནི་འཁྱགས་ས་ཁོ་ནར་ཐུག་ཡོད།
ཅི་ཞིག་ལ་འཁྱགས་ས་ཟེར་རམ། གོ་བདེ་པོའི་སྒོ་ནས་བརྗོད་ན་འཁྱགས་པ་འདུས་པའི་བྲག་རྡོ་དང་ས་རྒྱུར་ཟེར། དེ་ནི་སྤྱིར་བཏང་གི་ས་ཆ་དང་གཏན་ནས་མི་འདྲ་བར་ལོ་འཁོར་མོར་འཁྱགས་པས་བཏུམས་པ་དང་དྲོད་ཚད་དང་བསྟུན་ནས་འགྱུར་ལྡོག་འགྲོ་གི་ཡོད་པས། དགུན་དུས་འཁྱགས་སྦོས་ཐེབས་པ་དང་དབྱར་དུས་དིམ་ནས་ཚོད་འཛིན་བྱེད་དཀའ་བ་ཞིག་ཡོད།
ལོ་རྒྱུས་ཐོག་རྒྱལ་ཁབ་མི་ཉུང་བ་ཞིག་གིས་འཁྱགས་སར་འགྲན་སློང་བྱེད་རྩིས་བྱས་པ་སྟེ། ཨུ་རུ་སུའི་ཤིས་པོ་ལི་ཡ་ལྕགས་ལམ་འཁྱགས་སའི་ལམ་དུམ་བརྒལ་ནས་ལོ་བརྒྱ་ལྷག་ཙམ་སོང་ཡོད་མོད། འོན་ཀྱང་ལམ་དུམ་ཁག་གཅིག་གི་མྱུར་ཚད་ད་བར་ཆུ་ཚོད་རེར་སྤྱི་ལེ་25ནས་40བར་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། འཁྱགས་སའི་གནོད་འཚེ་སྔར་བཞིན་ཟམ་མི་ཆད་པར་ཐོན་གྱི་ཡོད། ཁ་ན་ཏའི་ཡུས་ཁུང་ས་ཁུལ་གྱི་འཁྱགས་སའི་ལྕགས་ལམ་ལ་འཁྱགས་སྦོས་ཐེབས་པ་དང་དིམ་པའི་གནས་ཚུལ་ཐོན་ནས་ལམ་གཞི་རྒྱུན་མཐུད་བརྟན་པོ་མེད་པར་གྱུར་སྟབས། ལོ་ལྟར་མ་དངུལ་འབོར་ཆེན་བཏང་སྟེ་རྒྱུན་མཐུད་བདག་སྐྱོང་དང་ལེགས་བཅོས་བྱེད་དགོས་ཀྱི་ཡོད།
སྒྲོལ་ཐབས་བྲལ་བ་ལྟ་བུའི་འགལ་རྐྱེན་དེ་དག་མཚོ་བོད་ལྕགས་ལམ་སྟེང་རེ་རེ་བཞིན་ཁྱད་བསད་བྱས་ཡོད།
“རྒྱལ་སྤྱིའི་ཐོག་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མེད་པས་ང་ཚོས་ལག་ལེན་ཁྲོད་ཐབས་ཤེས་རིམ་བཞིན་བཙལ་འཚོལ་བྱས་ཡོད” ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་བདག་སྐྱོང་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་དང“བོད་ཀྱི་བཟོ་བོ”ཀའོ་ཆན་ཧྲེང་འཁྱགས་ས་བདག་སྐྱོང་གི་འཐབ་ས་དང་པོར་གཞི་ཚུགས་ནས་ལོ་15སོང་ཡོད།
“ཕྱི་རྒྱལ་གྱི་བསམ་ཕྱོགས་ནི་སྐྱོན་ཤོར་ཚེ་སླར་ཡང་བཟོ་བཅོས་རྒྱག་པ་དང་གཞན་དབང་དུ་གསབ་བཅོས་བྱེད་པ་དེ་རེད། འོན་ཀྱང་། ང་ཚོས་ཐོག་མ་ཉིད་ནས་བསམ་ཕྱོགས་དེ་བརྗེས་པ་ཡིན”ཞེས་པའི་ཀའོ་ཆན་ཧྲེང་གི་སྐད་ཆ་དེ་ལས་ལོ་20ཡི་རིང་མཚོ་བོད་ལྕགས་ལམ་སྟེང་ལས་འཛོལ་གཅིག་ཀྱང་ཐོན་མེད་པའི“རྩ་ཆེའི་ཉམས་མྱོང”གསལ་པོར་མངོན་ཡོད།
བྱེད་ཕོད་པ།
འཁྱགས་ས་ཐབས་ཀྱིས་བཏུལ་བའི་ལོ་ངོ་ཉི་ཤུ།
འགྲན་ལམ་ཇི་ལྟར་བརྗེས་པ་ཡིན་ནམ།
མེ་འཁོར་ཁུ་ཁུ་ཤིས་རིར་སྐྱོད་སྐབས། འགྲུལ་པ་ཚོས་རྟག་ཏུ་མཛེས་ལྗོངས་ངོ་མཚར་ཅན་ཞིག་མཐོང་གི་ཡོད་པ་སྟེ། ལྕགས་ལམ་གྱི་གཞོགས་གཡས་གཡོན་གཉིས་ཀྱི་ས་ངོས་སུ་ལྕགས་རྒྱུག་ཐལ་མདོག་རེ་རེ་བཙུགས་པ་དེ་དག་བར་ཐག་སྙོམས་ལ་གྲལ་སྟར་འགྲིག་པས་རུ་སྟར་བསྒྲིགས་པའི་དམག་མི་དང་གཉིས་སུ་མ་མཆིས་པ་དེ་རེད།
དེ་ནི་རྒྱན་ཆ་ཞིག་མིན། དེའི་མིང་ལ“ཚ་རྒྱུག”ཟེར་བ་དང་། དེ་ནི་ང་ཚོས་འཁྱགས་སའི་གནད་དོན་ཁྱད་བསད་བྱེད་པའི་གསང་བའི་མཚོན་ཆ་ཞིག་རེད།
རིང་ཚད་ལ་སྨི་9ཙམ་ཡོད་པའི་ཚ་རྒྱུག་དེ་ས་འོག་ཏུ་སྨི་6སྦས་པ་དང་ས་ངོས་ལ་སྨི་3དོན་ཡོད། དགུན་དུས་སའི་དྲོད་ཚད་དེ་རླུང་གི་དྲོད་ཚད་ལས་མཐོ་བ་ཡོད་པའི་སྐབས་སུ། ས་འོག་གི་འཁྱགས་སའི་ཚ་དྲོད་མུ་མཐུད་མཁའ་རླུང་ནང་འགྲོ་ཐུབ་པ་དང་། དབྱར་དུས་ཕྱོགས་རྐྱང་པའི་ཚ་འདྲེན་ཁྱད་ཆོས་ལ་བརྟེན་ནས་ས་ངོས་ཀྱི་ཚ་ཚད་འཁྱགས་སའི་བང་རིམ་ནང་འཛུལ་བ་འགོག་ཐུབ་ཀྱི་ཡོད། ཚ་རྒྱུག་ནི་འཁྱགས་སའི“འཁྱགས་སྒམ”དང་འདྲ་བར། ལོ་འཁོར་མོར་ས་འོག་གི་དྲོད་ཚད་དམའ་བའི་ཁོར་ཡུག་རྒྱུན་འཁྱོངས་བྱས་ཏེ། འབྱུང་རྩ་ནས་འཁྱགས་སའི་དྲོད་ཚད་མཐོ་རུ་འགྲོ་རྒྱུ་གཏན་འགོག་བྱེད་ཀྱི་ཡོད།
“དབྱར་ཁ་ནི་ས་མཐོར་འཁྱགས་པ་བཞུར་ནས་ལམ་གཞི་རྡིབ་མང་བའི་དུས་ཤིག་ཡིན་ལ། འཁྱགས་ས་བདག་སྐྱོང་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་ཀྱང་རེད” ལོ་18རིང་གི“དངོས་སྦྱོང”གི་ཉམས་མྱོང་ལྡན་པའི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ཚོགས་པ་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་ལས་གྲྭ་དོ་དམ་པུའི་པུའུ་ཀྲང་གཞོན་པ་ལིའུ་ཧྲོའུ་ལེང་གིས། དབྱར་ཁ་ཤར་རིམ་བཞིན་ང་དང་ཚོགས་པའི་ལས་རོགས་ཚོས་མཉམ་དུ་ལམ་ངོས་ཀྱི་ཆུ་གཤོང་བ་དང་། འདམ་རྫབ་དང་ཆུ་ཡུར་གཙང་སེལ། དྲོད་སྲུང་ལམ་ཉམས་གསོ། ལམ་ངོས་ཀྱི་གས་སྲུབས་བཀག་པ་བཅས་བྱས་ཏེ་འཁྱགས་པ་བཞུར་ནས་ལམ་གཞི་རྡིབ་པའི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་ཉུང་དུ་གཏོང་གི་ཡོད། དགུན་དུས་ལམ་གཞིར་འགུལ་ཀྱོག་མི་གཏོང་བར་འཁོར་ལམ་གྱི་དབྱིབས་གཟུགས་ཆེ་ཆུང་ཁོ་ན་ལེགས་སྒྲིག་ཕྲན་བུ་བྱས་ནས་དྲོད་ཚད་དམའ་རུ་ཤུགས་ཆེན་ཕྱིན་པ་ལས་ས་འཁྱགས་དང་འཁྱགས་སྦོས་མི་ཐེབས་པ་བྱེད་ཀྱི་ཡོད་ཅེས་བརྗོད།
མི་ཐབས་ཀྱི་ཞིབ་ཚགས་ཅན་གྱི་སྐོར་ཞིབ་བཅོས་སྒྲིག་ཕུད། དུས་དང་རྣམ་པ་ཀུན་གྱི་རིག་ནུས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་ཆ་ཚང་ཡོད་པ་དེས་འཁྱགས་སའི་ལམ་ཐིག་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཤིག་བསྣན་ཡོད།
མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་ཚད་ལྡན་ཅན་གྱི་འཁྱགས་སའི་དབྱིབས་འགྱུར་ལྟ་ཞིབ་ཚད་ལེན་བཅད་ངོས་བརྒྱ་ལྷག་ཙམ་བསྒར་ཡོད་པ་དེ་དག་གིས་ས་དྲོད་དང་། འཁྱགས་སྦོས། ས་རྡིབ་ཚད་བཅས་ཚོར་འདྲེན་ཡོ་བྱད་ཀྱིས་ཆུ་ཚོད་24ཡི་རིང་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ལས་དོན་མི་སྣས་གཞི་གྲངས་ལ་དཔྱད་བསྡུར་དབྱེ་ཞིབ་བྱས་པ་བརྒྱུད། འཁྱགས་སའི་གྲངས་ཚད་ཀྱི་འགྱུར་ལྡོག་དང་ལམ་གཞིར་འགྱུར་ལྡོག་འགྲོ་ཚུལ་ལ་སྔོན་དཔག་བརྡར་ཤ་བཅད་དེ་གནོད་འཚེ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྔོན་འགོག་བྱེད་ཀྱི་ཡོད།
བདག་སྐྱོང་།
འཁྱགས་ས་དང་འཐབ་པའི་ཉིན་མོ་དང་མཚན་མོ།
ལྟ་ཞིབ་ཚད་ལེན་ཡོ་བྱད་ཀྱིས་སྔོན་ཚུད་ནས་ཉེན་བརྡ་གཏོང་ཆོག་མོད། འོན་ཀྱང་འཁྱགས་སའི་སྐྱོན་མང་པོ་ཞིག་ལམ་གཞིའི་འོག་ཏུ་གནས་པ་དང་མངོན་གསལ་དོད་པོ་མེད་པས། འགྱུར་ལྡོག་ཆུང་ཙག་དག་སྒྲིག་ཆས་ཀྱིས་ཡོངས་སུ་ཤེས་རྟོགས་ཐུབ་དཀའ། མངོན་མེད་ཉེན་ཁ་ཆེན་པོ་སེལ་དགོས་ཚེ་གང་ལྟར་བདག་སྐྱོང་བཟོ་པས་རྐང་ཐང་མར་སྐོར་ཞིབ་བྱ་རྒྱུ་ལས་ཐབས་གཞན་མེད།
2021ལོའི་ཟླ་9ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཡི་ཐོག་རྩ་སྐྱ་གཙང་པོ་ནས་གངས་ཁྲ་མའི་དབར།
ལིའུ་ཧྲོའུ་ལེང་གིས་ཉམས་གསོའི་ལས་ཁུལ་གྱི་མི་ཁྲིད་དེ་རྐང་ཐང་མར་སྐོར་ཞིབ་བྱས་ཤིང་། K1446+870ལ་སླེབས་སྐབས། ཁོང་གིས་གོམ་པ་སྤོ་མཚམས་བཞག་ནས་མིག་ཟུང་མདུན་གྱི་ལྕགས་ལམ་ལ་བལྟས་པས། ལམ་ལྟེའི་ཁུལ་གྱི་ལྕགས་ལམ་གྱི་རྡོ་ཧྲུག་མངོན་གསལ་དོད་པོས་རྡིབ་ཡོད་སྟབས་མྱུར་དུ་ཙོག་པུར་བསྡད་དེ་ལྟ་ཞིབ་ཞིབ་ཚགས་བྱས།
ཉེན་ཁ་ཆེ་བའི་གནས་ཚུལ་དེ་མཐོང་སྐབས་ལིའུ་ཧྲོའུ་ལེང་ཞེད་ཐག་ཆོད་ནས“གལ་ཏེ་མེ་འཁོར་དེའི་ཐོག་སྐྱོད་ཡོད་ཚེ་འགུལ་ཀྱོག་ཤུགས་ཆེན་ཐེབས་ཏེ་ཐ་ན་ལྕགས་ལམ་དང་བྲལ་བའི་ལས་འཛོལ་ཐོན་ཉེན་ཡོད”ཅེས་བརྗོད་པ་དང་། ལོ་18རིང་ལྕགས་ལམ་བདག་སྐྱོང་གི་ལས་ལ་གཞོལ་བའི་ལིའུ་ཧྲོའུ་ལེང་གིས་དེའི་རྒྱབ་ཀྱི་ཉེན་ཁ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད།
ལིའུ་ཧྲོའུ་ལེང་གིས་འཕྲལ་མར་བཀོད་གཏོང་ལྟེ་གནས་ལ་ཁ་པར་བརྒྱབ་ནས་བློ་ཐག་ཆོད་པོས་ལམ་ཐིག་བཀག་རྒྱུའི་རེ་ཞུ་བྱས་པ་དང་། ལྕགས་ལམ་གྱི་རྡོ་ཧྲུག་གཙང་སེལ། ཆུ་སིམ་ལམ་གྲལ་བཤེར། རིམ་དབྱེའི་ངང་ས་རྒྱོང་བརྟན་གཏོང་བཅས་བྱས་པ་མ་ཟད། ལས་མི་ཡོངས་ཀྱིས་རེས་མོས་ངང་ལས་སྒྲུབ་དང་ཉིན་མཚན་དབྱེར་མེད་དུ་བརྟན་སྲུང་ཡང་བྱས་ཡོད། བསྟུད་མར་འབད་འཐབ་བྱས་རྗེས་རྡིབ་དོང་བསྐངས་ཏེ་འགྲོ་ལམ་སླར་གསོ་བྱུང་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད།
ལིའུ་ཧྲོའུ་ལེང་གིས་ལོ་18རིང་གི་བདག་སྐྱོང་ལས་ལ་གཞོལ་རིང་འདི་ལྟ་བུའི་ཉེན་ཁ་ཆེ་བའི་དུས་སྐབས་ཐེངས་མང་ཐོན་མྱོང་ཡོད།
“གོར་ལྷ་ལམ་དུམ་བདག་སྐྱོང་ཐད་སྟེས་དབང་གི་བསམ་བློ་གཏན་ནས་ཁྱེར་མི་རུང་། རྐང་ཐང་མར་སྐོར་ཞིབ་བྱེད་ཐེངས་རེ་རེ་དང་ཚད་འཇལ་ཞིབ་བཤེར་བྱེད་ཐེངས་རེ་རེ་ནི་འཁོར་སྐྱོད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དང་པོ་དེ་རེད” ད་ཆ་ལིའུ་ཧྲོའུ་ལེང་སྔར་བཞིན་ལྕགས་ལམ་བདག་སྐྱོང་གི་འཐབ་ས་དང་པོའི་ལས་ལ་གཞོལ་བཞིན་ཡོད།
ཀའོ་ཆན་ཧྲེང་དང་ལིའུ་ཧྲོའུ་ལེང་གིས་འབད་འཐབ་བྱེད་མྱོང་བའི་ཨ་མདོའི་བདག་སྐྱོང་འཁོར་ཁང་དུ་གཞོན་ནུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཆ་སྙོམས་ལོ་ཚད་ཀྱང་ལོ་30ལྷག་ཙམ་ལས་ཟིན་གྱི་མེད།
ཁོང་ཚོས་སྔོན་བྱོན་པས་སྤྱོད་མྱོང་བའི་སྐམ་པ་དང་དྲོད་ཚད་འཇལ་ཆས་དང་དུ་བླངས་པ་མ་ཟད། ལྗིད་ཏིག་ཏིག་གི“འཁྱགས་སའི་གན་རྒྱ”ཡང་དང་དུ་བླངས་པ་སྟེ། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་པའི་ཐོ་རེངས་སུ་ཚ་རྒྱུག་གསེག་ཟུར་དག་བཅོས་དང་། ས་བབ་སྨི་4700ཟིན་པའི་ཁ་བ་བུ་ཡུག་ཁྲོད་ཚོར་སྐྱེལ་ཡོ་བྱད་ཀྱི་གནད་སྨིན་ཚད་ལེན་ཚོད་ལྟ་ཡང་ཡང་བྱས་པ་སོགས། ཁོང་ཚོས་ལྕགས་ལམ་སྟེང་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ་དང་འབད་འཐབ་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་བཞིན་ཡོད།
ལོ་20ཡི་རིང་བདེ་འཇགས་ལས་འཛོལ་ཚབས་ཆེན་གཅིག་ཀྱང་ཐོན་མྱོང་མེད་ཅིང་། དེ་ནི་བདག་སྐྱོང་བ་སྟོང་ཕྲག་ཁ་ཤས་ཀྱིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཡི་གྲང་ངར་ཆེ་བའི་མཚན་མོར་མངོན་མེད་རྐྱེན་ངན་འགྲལ་བཤེར་མ་ལུས་བྱས་པ་དང་ཁ་བྲལ་ཐབས་མེད།
མེ་འཁོར་གདང་ལར་བརྟན་པོའི་ངང་སྐྱོད་སྐབས་ཀྱི་དུང་སྒྲ་འདི་ཁུ་ཁུ་ཤིས་རིའི་ཐང་སྟོང་དང་། གཙོད་གནས་སྤོའི་ཟམ་མིག ཚ་རྒྱུག་གིས་བདག་སྐྱོང་བྱས་པའི་ལམ་གཞི་བཅས་བརྒྱུད་ཨ་མདོ་བདག་སྐྱོང་འཁོར་ཁང་གི་མི་ཚང་མའི་སེམས་སུ་ཟུག་པར་བྱས་ཡོད།
མེ་འཁོར་གྱི་དུང་སྒྲ་རེ་རེ་ནི་ས་མཐོར་གཞི་ཚུགས་པ་དང་འཁྱཌ་སའི་སྟེང་གི་སྲུང་སྐྱོང་པ་ཡོངས་ལ་ཕུལ་བའི་མི་སེམས་འགུལ་ཤོས་ཀྱི་བརྡ་ལན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།