དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲི་གུ་རྩྭ་ཐང་ནས་གྲགས་པའི་འབྲོག་གླུ་གསར་པ།

    མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་འབྲོག་ལས་ཐོན་ལས་ཅན་ཕྱོགས་སྒྱུར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    བཀྲ་ཤིས་ཀྱིས་ཞོ་སྐྱོགས་གང་བཅུས་ཏེ་གློག་སྒྲོན་འོག་ཏུ་ཁྱེར་ནས་ལྟ་ཙམ་བྱས།

    ཞོའི་ཁ་ལ་ཆགས་པའི་འོ་སྤྲི་སེར་ལ་མཐུག་པས་ཞོ་ལ་ཁེབས་མཐུག་པོ་ཞིག་གཡོགས་པ་ལྟར་དུ་སྣང་། ཁོང་གིས་སྐྱོགས་ཁྱེར་ནས་འོ་སྤྲི་མཐུག་པོ་དེ་གཅུ་སྐབས་དེའི་འོག་ནས་འོ་མ་དཀར་ཆིལ་ལེར་མངོན་པ་དང་། ཞོ་སོས་པ་སྐྱོགས་གང་བཅུས་རྗེས་འོ་སྤྲི་དེ་སླར་ཡང་མདོང་མོའི་ནང་བླུགས་ཏེ་དཀྲུགས་དཀྲུགས་ཡང་སེ་བཏང་། ཁང་ཆུང་དེ་ཞིམ་མངར་འོ་དྲིས་ཁེངས།

    སྐྱུར་མོ་ཞོ་ལ་བསྙལ་བའི་ཞིམ་མངར་སེམས་ཀྱི་ཚོང་ལམ་གསར་པ།

    མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་ཅུང་ཚོ་གྲོང་ཚོའི་བཀྲ་ཤིས་ཀྱིས“སྔོན་ཆད་ངའི་བསམ་པར་ཞོ་སྐྱུར་པོ་མེད་ཚེ་ཞོ་མིན་པའི་ཚོར་སྣང་ཡོང་གི་ཡོད། འོན་ཀྱང་ད་ཆ་་བརྒྱ་ཆ་བརྒྱད་ཅུ་ཡན་གྱི་ཞོ་སྐྱུར་མོ་མ་རེད། དེང་དུས་ཀྱི་གཞོན་ནུ་སྐྱུར་པོ་བཟའ་རྒྱུར་དགའ་པོ་མེད”ཅེས་བཤད།

    བཀྲ་ཤིས་ཀྱིས་མི་ཚེ་ཕྱེད་ཀ་ལྷག་ཙམ་ཞོ་ལས་བྱས་ཀྱང་ཞོའི་བྲོ་བ་འགྱུར་ཡོང་སྙམ་པ་སེམས་ལ་འཁོར་མྱོང་མེད་མོད། འོན་ཀྱང་། བུ་ཕུན་ཚོགས་དབང་འདུས་ཀོང་ཤིས་འཁྲབ་སྟོན་ལས་རིགས་སློབ་གླིང་ནས་ཐོན་ཏེ་ཁྱིམ་དུ་ལོག་ནས་ལོ་གཅིག་ལྷག་ཙམ་རིང་ལ་ཁྱིམ་གྱི་སྨི་ངོས་གྲུ་བཅུའི་བཟོ་ཁང་ཆུང་ཆུང་དེ་ལོར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཟིན་པའི“ལྡེ་མིག་གསུམ”གྱི་སྤུས་རྟགས་སུ་བསྒྱུར་བས། ད་གཟོད་བཀྲ་ཤིས་རྨོངས་གཉིད་ལས་སད།

    “ལྔ་གཅིག”གུང་གསེང་རིང་དགེ་མཚོའི་འགྲམ་གྱི་ལྗོངས་གཟིགས་སྒང་གི་ཤེལ་ཁང་ནང་ཕུན་ཚོགས་དབང་འདུས་ཀྱིས་ཞོ་བཙོངས་པས་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་2.8བྱུང་ཞིང་། ད་ཆ“ལྡེ་མིག་གསུམ”ཞོ་ལྷོ་ཁ་དང་ལྷ་སའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་བཏོན་པ་མ་ཟད། ད་དུང་དྲ་ཚོང་བརྒྱུད་དེ་བས་ཐག་རིང་སར་ཕྱིར་ཚོང་བྱེད་བཞིན་ཡོད། ཁོམ་པ་ཡོད་སྐབས་ཁོང་གིས་ཐད་གཏོང་བྱས་ཏེ་པར་མིག་ནང་ནས་ཡངས་པའི་རྩྭ་ཐང་དང་ཁྱུ་དང་ཁྱུ་བསྒྲིགས་པའི་འབྲི་གཡག་སྟོན་གྱི་ཡོད་པ་དང་། ཁ་པར་ལས་མངག་ཐོའི་བརྡ་ཡང་ཡང་གྲགས་ཀྱི་ཡོད།

    2020ལོ་ནས་བཟུང་། མཚོ་སྨད་རྫོང་དུ་སློབ་གྲྭ་ཆེ་མོ་བ་བརྒྱ་ཙམ་ཕ་ཡུལ་དུ་ལོག་ཅིང་། ཚེ་རིང་ནོར་བུས་དྲ་ཚོང་དཔུང་ཁག་བཙུགས་ཏེ་ཚགས་ཤ་སྐམ་པོ་རྒྱལ་ཡོངས་ཀྱི་ས་ཆ་གང་སར་འཚོང་བ་དང་། ཉི་མ་བསམ་གཏན་གྱིས་སྦྲང་རྩི་བཙོངས་པར་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད། གཞོན་ནུ་དེ་དག་གིས་ལག་རྩལ་གསར་པ་དང་བསམ་བློ་གསར་པ་ཁྱབ་གདལ་བཏང་སྟེ་ས་མཐོའི་ཞིང་འབྲོག་ལས་ཕྱོགས་སྒྱུར་གྱི་དམག་ཧྲག་ཏུ་གྱུར་ཡོད།

    ལུག་བལ་སྔ་ས་ནས་བྲེགས་པ་དང་རྩྭ་ཐང་དུ་གསོན་ཤུགས་རྒྱས་པ།

    ཟླ་5པའི་ཟླ་མཇུག་ཏུ་ས་བབ་སྨི་4650ཟིན་པའི་གྲི་གུ་རྩྭ་ཐང་དུ་དཔྱིད་རླུང་ལྡང་མ་ཐག་ཡིན་པ་དང་རི་མཐོའི་སྤང་ལྗོངས་སྔོ་ཁ་དོན་འགོ་ཚུགས། གྲི་གུ་སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལུག་ཁྱུ་གཅིག་གི་བལ་བྲེགས་ཟིན།

    སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་བུ་ཨ་ནན་གྱིས“གལ་ཏེ་རྩྭ་ཐང་དུ་ལུག་ཁ་ཐོར་དུ་གློད་ཚེ་ཟླ་8པར་གཞི་ནས་བལ་བྲེགས་ཐུབ་ཀྱི་ཡོད། གཅིག་སྡུད་རྒྱགས་གསོ་བྱས་སྟབས་འཚོ་བཅུད་ཡག་པོ་ཡོད་པས་ཤ་ཤེད་རྒྱས་མྱུར་པོ་ཡོད”ཅེས་གད་མོ་འཚེར་འཚེར་ངང་བཤད།

    སྐད་ཆ་དེ་ལས་2022ལོའི་ཟླ་6པ་ནས་འཕོ་འགྱུར་ཕྱིན་པ་མངོན་གྱི་ཡོད།

    ས་བབ་མཐོ་བའི་འབྲོག་ཁུལ་དུ་སྐྱེ་ཁམས་ཉམས་ཞན་ཡིན་པ་དང་སྔོན་ཆད་རང་བྱུང་ཁམས་ལ་བརྟེན་ནས་ཕྱུགས་འཚོ་གི་ཡོད་སྟབས་ནོར་ལུག་ཤ་ཤེད་རྒྱས་འགོར་པོ་ཡོད་ཁར་ངལ་རྩོལ་ནུས་ཤུགས་མང་པོ་དགོས་ལ་ཐོན་སྐྱེད་ཀྱི་དུས་འཁོར་རིང་བ་དང་། མ་གནས་མཐོ་བ། ཕན་འབྲས་ཞན་པ་བཅས་ཡོད། གྲི་གུ་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་གྲོང་མིའི་ཚོགས་ཆུང་15རུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་བསམ་འཆར་བསྡུ་ལེན་བྱས་ལ། ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་སུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་རྗེས་མཐར་ཇུས་གཞི་བཟོས་པ་སྟེ། ཏང་འཛུགས་སྐྱོང་དང་ཐོན་ལས་དར་རྒྱས་ཟུང་འབྲེལ་དམ་འཛིན་བྱ་གཞིར་བྱས་ཏེ་འབྲོག་པར་ཕྱུགས་ཟོག་མ་རྐང་ནང་འཇོག་རྒྱུར་ཁྲིད་སྟོན་བྱས་ནས་སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་རེད།

    སྒྱུར་བཅོས་བྱེད་པའི་ཐོག་མའི་དུས་སྐབས་སུ། རང་བྱུང་ཚོགས་ཆུང་བདུན་གྱི་དུད་ཚང་261གི་འབྲོག་པ་ཞུགས་པ་དང་མ་རྐང་ནང་བཞག་པའི་ལུག་13692ཡོད་པར་སྡེ་ཁུལ་གྱི་གཅིག་གྱུར་ཁ་སྣོན་བྱས་རྗེས་ལུག་གི་གཞི་ཁྱོན་20058ཟིན་ཡོད། སྡེ་ཁུལ་གྱིས“སྡེ་ཁུལ་གྱིས་ཁ་ཕྱོགས་སྤྱི་འདོམས་དང་ཚོགས་ཆུང་གིས་དོན་འཁྱོལ་བཀོད་སྒྲིག”བྱེད་པའི་རིམ་གཉིས་དོ་དམ་ཁྱབ་གདལ་བཏང་བ་དང་། སྡེ་ཁུལ་གྱིས་ལས་མི་སྤྱོད་པའི་རྩ་དོན་དང་། གླ་ཆའི་ཚད་གཞི། མི་སྣ་སྤྱོད་པའི་བསྡོམས་འབོར་བཅས་གཏན་འཁེལ་བྱས་ཏེ་མ་རྐང་གཞིར་བཟུང་ལས་མི་མངག་གཏོང་བྱེད་པ། ཚོགས་ཆུང་གིས་མི་སྣ་བཀོད་གཏོང་དང་། རྒྱུན་གཏན་གྱི་བདག་སྐྱོང་། ལས་འགན་དོན་འཁྱོལ་བཅས་བྱེད་འགན་འཁུར་ཡོད། གླ་ཆའི་ཐད་ཧེ་བག་ཅན་དང་སྣ་མང་ཅན་གྱི་ལས་མང་ཐོབ་མང་ལག་ལེན་བསྟར་གྱི་ཡོད།

    ལོ་གསུམ་རིང་མཉམ་ལས་ཁང་ལ་རིམ་རྩིས་བརྒྱབ་ན། ཡོང་འབབ་བསྡོམས་སྒོར་ཁྲི་1750.37བྱུང་བ་དང་སྒོར་ཁྲི་1312.09བགོ་འགྲེམས་བརྒྱབ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་414.29བྱུང་ཡོད། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ལག་ཡོད་ལུག་23161ཟིན་པ་དེ་སྒྱུར་བཅོས་བྱེད་པའི་ཐོག་མའི་དུས་སྐབས་ལས་3000ལྷག་ཙམ་གྱིས་མང་བ་ཡོད་པ་རེད།

    ལུག་མ་རྐང་ནང་བཞག་ཏེ་མཉམ་ལས་ཁང་གིས་གཅིག་སྡུད་གསོ་ཚགས་དང་རྒྱགས་གསོ་བྱས་པར་གསོ་སྤེལ་གྱི་དུས་འཁོར་ཐུང་དུ་སོང་ཡོད། ཚད་ལྡན་ཅན་གྱི་དྲོད་ལྡན་ལུག་ཚང་གིས་དེང་རབས་ཅན་གྱི་གཟན་རྩྭ་དང་གཟན་ཆག་གྲབས་གསོག་མཛོད་ལས་དགུན་དཔྱིད་ཀྱི་རྩྭ་ར་ཞན་པའི་གནད་དོན་ཐག་གཅོད་ཐུབ་ཡོད། གཅིག་གྱུར་རིམས་འགོག་དང་གཅིག་གྱུར་གསོ་ཚགས་བྱས་པའི་ལུག་ཤ་ཤེད་ཡག་པོ་ཡོད་སྟབས་སྟོན་དུས་ཙམ་མིན་པར་ཁྲོམ་རའི་དགོས་མཁོར་གཞིགས་ནས་བཤས་བཏང་ཆོག་ཆོག་ཡོད་ལ་ལུག་རེའི་ཆ་སྙོམས་རིན་གོང་ཁ་ཐོར་དུ་གསོ་ཚགས་བྱེད་མཁན་དུད་ཚང་ལས་ཉུང་མཐར་ཡང་སྒོར་200ལྷག་ཙམ་གྱིས་མཐོ་བ་ཡོད་པ་རེད།

    རིལ་མ་ཡི་ལས་སྣོན་བྱས་པར་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐུབ་པ།

    གྲི་གུ་སྡེ་ཁུལ་གྱི་སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭར་འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་ཤིང་། བཟོ་པས་སྦྱོར་རྟ་བྱས་ཟིན་པའི་སྐྱེ་ལྡན་ལུད་སྣོད་ཕད་དུ་བླུགས་ཏེ་དེའི་སྟེང“རིལ་མ་གཙོ་བོ་ཡིན་པའི་ཁར་འབའ་ཆ་དང་སྐྱེ་ལྡན་སྐྱུར་རྩི་བརྒྱབ་ནས་མཉམ་དུ་བསྙལ་བ”ཞེས་པའི་གསལ་བཤད་པར་འདེབས་ཀྱི་ཡོད། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་བ་དང་རྩྭ་ཐང་གི་རིལ་མའི་ཐོན་ཁུངས་སྤྱད་དེ་བསྐྲུན་པའི་བཟོ་གྲྭ་དེ་ན་ནིང་བཙུགས་ཤིང་། ད་ལོའི་ཟླ་4པར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པར་ལོར་སྐྱེ་ལྡན་ལུད་ཏུན་ཁྲི་3ཙམ་ཐོན་རྒྱུ་རེད།

    ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཀྲོའུ་ཁྲེ་ཀྲུང་ནི་མཚོ་སྔོན་བ་ཡིན་པ་དང་སྨུག་ཕྱིའི་འོད་ཟེར་གྱིས་འཚིག་པའི་ངོ་གདོང་དམར་སྨུག་ཏུ་གྱུར་ཡོད་ལ་མིག་ཟུང་དམར་པོར་གྱུར་ཞིང་། ཁོང་གིས་གསར་འགོད་པར་རིལ་མ་ནི་འབྲོག་པའི་གམ་ནས་བསྡུས་པ་དང་ལམ་ཐག་རིང་ཐུང་ལ་གཞིགས་ནས་རྒྱ་དཔངས་གྲུ་བཞི་རེར་སྒོར་100ནས་200བར་སྤྲོད་ཀྱི་ཡོད་ཅེས་བཤད།

    བདེ་ཁང་བ་སྦྲང་རྩི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་སྦྲང་སྒམ་སྟར་པ་རེ་རེ་བཞིན་བསྒྲིགས་ཡོད་ཅིང་། འགན་ཁུར་བ་ཉི་མ་བསམ་གཏན་དང་ལས་བཟོས་བྲེལ་བརྩོན་ཆེན་པོ་བྱེད་པ་དང་། སྦྲང་སྒམ་ནང་གི་སྦྲང་ནོར་བུ་དེ་དག་གིས་རྩྭ་ཐང་སྟེང་མེ་ཏོག་འདབ་རྒྱ་བཞད་རྒྱུར་སྒུག

    གྲི་གུའི་གཞི་གཅིག་ཅན་གྱི་འབྲོག་ལས་ཐོན་ཟོག་ལས་སྣོན་རྣམ་གྲངས་ཀྱི་དེང་རབས་ཅན་གྱི་བཟོ་གྲྭར་ཡང་རེས་སྐོར་གསར་པའི་མ་དངུལ་མཉམ་བསྡུའི་གྲ་སྒྲིག་བྱེད་བཞིན་ཡོད།

    2025ལོར་གྲི་གུ་གྲོང་རྡལ་དེ་ཉིད་ཞིང་ལས་གྲོང་གསེབ་པུའུ་ཡི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་ཡོད།

    གྲི་གུག་ལྟར་གྱི་གྲི་གུའི་མཚོ་འགྲམ་དུ་མུ་མཐའ་མེད་པའི་སྤང་ལྗོངས་སྔོ་ཐིང་ངེར་གྱུར་བ་དང་རླུང་བུ་བསིལ་བསིལ་ལྡང་བ་དང་སྦྲགས་གཡང་དཀར་ལུ་གུའི་འབའ་སྒྲ་དང་འབྲི་གཡག་གི་ངུར་སྒྲ་དེ་དག་ཐག་རིང་དུ་ལྷང་ལྷང་གྲགས།

    ཕུན་ཚོགས་དབང་འདུས་ཀྱིས་ཞོ་སྐྱོགས་གང་བཅུས་ཤིང་། ཆུང་དུས་ཕ་བཀྲ་ཤིས་ཀྱིས་ཁོང་ལ་ཞོ་སྟེར་བའི་རྣམ་པ་སེམས་ལ་འཁོར། ད་ཆ་ཁོང་ཁྱིམ་གྱི་ཞོ་དེ་དག་འབུ་ཕྲ་མེད་པའི་ཤེལ་དམ་དུ་བླུགས་ཏེ་བཤེར་རྟགས་འབྱར་བ་དང་མྱུར་སྐྱེལ་རླངས་འཁོར་ནང་བླུགས་ཏེ་ས་ཐག་དེ་བས་རིང་བར་དབོར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།