རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས། ས་མཐོར་བདེ་སྐྱིད་དཔལ་ལ་རོལ།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་ཉིང་ཁྲིའི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
མུ་འབྲེལ་རི་ཚོགས་དང་དཔེ་ཀློག་གི་སྒྲ། དེ་བཞིན་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་སོགས་ཀྱི་རྣམ་པ་རེ་རེར་གཏམ་རྒྱུད་རེ་རེ་ཡོད་པ་སྨོས་མེད་རེད། ཉིང་ཁྲིའི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་འདི་དག་ལས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
རི་ཚོགས་ཀྱི་འཆིང་རྒྱ་ལས་གྲོལ།
རི་ཚོགས་ཀྱིས་བསྐོར་བ་དང་སྨུག་སྤྲིན་གྱིས་བཀླུབས་པའི་མེ་ཏོག་རྗོང་ནི་དེ་སྔ“སྦས་ལུང”ཞིག་དང“ཁེར་ཆགས་གླིང་ཕྲན”ཞིག་རེད།
“མེ་ཏོག་རྗོང་དུ་ལོ་ཚད་ལ་གཞིགས་ནས་དར་མ་ཡིན་མིན་མི་བརྩི་བར་གངས་རི་བརྒྱབ་ནས་འགྲོ་འོང་བྱེད་ཐུབ་ཚེ་གཞི་ནས་དར་མར་བརྩི་གི་ཡོད། བདེ་འཇགས་ལྡན་པའི་རི་ལམ་ཞིག་ཡོད་ན་སྙམ་པ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མོན་པ་རིགས་མི་རབས་ནས་མི་རབས་བར་གྱི་རེ་བ་ཞིག་རེད”ཅེས་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་རུང་གིས་བཤད།
དུས་རབས་20པའི་ལོ་རབས་60པ་ནས་བཟུང་། མེ་ཏོག་རྫོང་ཕྱི་ནང་གི་མི་རབས་མང་པོས་ས་གཤིས་གནོད་འཚེ་ཡང་ཡང་ཐོན་པའི“ས་མཐོའི་ཁེར་ཆགས་གླིང་ཕྲན”དེར་བགྲོད་ལམ་གཏོད་རྩིས་བྱས་ནས་དཀའ་ལས་མང་པོ་བརྒྱབ་ཡོད།
1961ལོར་རྩད་ཞིབ་ཐིག་ལེན་ཐེངས་དང་པོ་བྱས་པ་དང་མི་རབས་དུ་མས་མཛད་འཕྲིན་འདིའི་རྒྱུན་བསྐྱངས། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། བརྟན་སྲུང་དང་འབད་འཐབ་བྱས་པ་བརྒྱུད། ཕམ་ཁ་མང་པོ་བྱུང་བ་དང་ལས་འགོ་བསྐྱར་འཛུགས་དུ་མ་བྱས་མཐར་2013ལོར་མེ་ཏོག་གི་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་སྟེ་མི་རབས་ནས་མི་རབས་བར་གྱི་མེ་ཏོག་བའི་བགྲོད་ལམ་ཤར་གཏོང་གི་ཕུགས་འདུན་དེ་མངོན་འགྱུར་བྱུང་ཡོད།
འོབས་ཆེན་བགྲོད་ལམ་དུ་འགྱུར་བ་དང་རི་ཀླུང་གང་སར་སྔོ་ལྗང་རྒྱས། ད་ཆའི་མེ་ཏོག་རྫོང་དུ་ཁོད་སྙོམས་པའི་གཞུང་ལམ་རི་གསེབ་ཏུ་ཤར་གཏོང་ཐུབ་ནས་རླངས་འཁོར་འགྲོ་འོང་བྱེད་བཞིན་ཡོད། དེ་སྔ་ཕྱིར་སྐྱོད་པར་གཟའ་འཁོར་གཅིག་འགོར་བའི་རི་ལམ་དེར་ད་ཆ་ཆུ་ཚོད་ཁ་ཤས་ལས་འགོར་གྱི་མེད། ཚུར་དབོར་ཡོང་བ་ནི་འཚོ་གནས་ལ་མཁོ་བའི་ཚྭ་དང་འབྲུ་སྣུམ་གཅིག་པུ་མིན་ལ་མེ་ཏོག་རྗོང་གི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་ཀྱང་ཕྱིར་དབོར་གྱི་ཡོད།
“སྦས་ལུང”དེ་རི་ཚོགས་ཀྱི་འཆིང་རྒྱ་ལས་རྦད་དེ་གྲོལ་ནས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་དང་། ཤིང་འབྲས་སམ་སྔོ་ཚལ་འདེབས་འཛུགས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་མ་ཟད། མང་ཚོགས་ལ་འབབ་འཕར་བརྟན་པོ་དང་བདེ་སྡོད་ལས་བརྩོན་བྱུང་ཡོད།
ཤེས་རིག་གི་སྒྲོན་མེ་སྤར།
པ་ཏུའུ་ཁ་སློབ་ཆུང་གི་གནས་ཡུལ་རྙིང་པར་བསྐྱོད་དེ་སླར་གསོ་བྱུང་བའི་ནག་པང་ལ་རེག་སྐབས་ལོ་82ལ་སླེབས་པའི་རྒན་མོ་ཚེ་དབང་ཆོས་སྒྲོན་ལ་མྱོང་ཚོར་མང་པོ་བྱུང་།
1952ལོར། སྤོ་བོ་རྫོང་ཡན་ལག་ལས་དོན་ཨུ་ལྷན་གྱིས་ཆུ་མདོ་གྲོང་རྡལ་པ་ཏུའུ་ཁ་གྲོང་ཚོར་སྤོ་བོ་ས་ཁུལ་གྱི་སློབ་ཆུང་དང་པོ་སྟེ། པ་ཏུའུ་ཁ་སློབ་ཆུང་དངོས་སུ་བཙུགས། ལོ་ན་ཕྲ་བའི་ཚེ་དབང་ཆོས་སྒྲོན་ཡང་སློབ་ལོ་ལོན་པའི་བྱིས་པ་17དང་མཉམ་དུ་སློབ་གྲྭ་གསར་པ་དེའི་སློབ་མ་ཁག་དང་པོར་གྱུར།
ཚེ་དབང་ཆོས་སྒྲོན་གྱིས“བོད་རྙིང་པར་སློབ་གྲྭར་བསྐྱོད་རྒྱུ་ནི་མི་སེར་དཀྱུས་མས་བསམ་མི་ཕོད་པ་ཞིག་ཡིན། སྐབས་དེར་སློབ་གྲྭར་སྐྱོད་པར་དངུལ་དང་འབྲུ་རིགས་སྤྲོད་དགོས་པ་དང་ཆ་རྐྱེན་ཧ་ཅང་མཐོ་བས། སྐུ་དྲག་དང་ཕྱུག་པོའི་ཁྱིམ་ཚང་གི་བྱིས་པ་མ་གཏོགས་སློབ་གྲྭར་སྐྱོད་པའི་གོ་སྐབས་མེད། འབྲོག་པ་དང་ཞིང་པ་དཀྱུས་མའི་བྱིས་པ་རྣམས་ཆུང་དུས་ནས་ལས་ཀར་སྐྱོད་རྒྱུ་ལས་མ་འདས”ཞེས་བཤད།
སྔ་དུས་ལ་བསམ་བློ་གཏོང་བཞིན་ཚེ་དབང་ཆོས་སྒྲོན་གྱིས“ད་ཆ་མི་ཚང་མ་འདྲ་མཉམ་ཡིན། ཕྲུ་གུ་ཚོ་ཉིན་ལྟར་དཔེ་ཁུག་འཁུར་ནས་སློབ་གྲྭར་སྐྱོད་པ་མཐོང་སྐབས་ཧ་ཅང་སྐྱིད་པོ་ཡིན་པ་ཚོར་གྱི་འདུག”ཅེས་མིག་ནང་མཆི་མ་འཁོར་བཞིན་བཤད།
དེ་སྔའི་པ་ཏུའུ་ཁ་སློབ་ཆུང་མེད་པར་གྱུར་རུང་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
ད་ཆའི་སྤོ་བོ་རྫོང་གི་སློབ་གྲྭར་སྐྱོད་སྐབས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། སློབ་ཁྲིད་ཀྱི་ལས་ལ་ལོ་མང་གཞོལ་བའི་ཆུ་མདོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ནོར་འཛིན་གྱིས་སློབ་གཉེར་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “སློབ་ཁང་ཚང་མར་ཚད་ལྡན་ཅན་གྱི་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་ལ། སློབ་གྲྭར་ད་དུང་ཚད་ལྡན་ཅན་གྱི་དཔེ་མཛོད་ཁང་དང་། ཚན་རིག་ཚོད་ལྟ་ཁང་། འགྱིག་བཟོས་ལུས་རྩལ་ཐང་བཙུགས་པ་དང་རིག་གནས་ལུས་རྩལ་དང་ཚན་རྩལ་གསར་གཏོད་ཀྱི་སློབ་ཁྲིད་སྒྲིག་བཀོད་གང་དགོས་ཆ་ཚང་ཡོད། ལྷག་པར་དུ་རྒྱལ་ཁབ་ཀྱི་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་ལས་སློབ་མ་ཚང་མར་ཕན་པ་ཐོབ་ནས་ཕྲུ་གུ་ཚོ་སློབ་གྲྭར་ཟས་སྡོད་ལ་སེམས་ཁྲལ་མེད་ལ་བློ་བདེའི་ངང་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཡོད”
རི་སྐྱེས་ཁམ་སྡོང་ལ་འབྲས་བཟང་བཏགས།
“དེ་སྔ་ཚང་མས་གྲོད་པ་རྒྱགས་ཐབས་ལ་བསམ་བློ་གཏོང་བ་ལས་མི་སུ་ཞིག་གིས་ཀྱང་དོ་སྣང་མི་བྱེད་པའི་རི་སྐྱེས་ཁམ་སྡོང་དག་ད་ཆ་ཚང་མའི‘ཕྱུག་འགྱུར་ཁམ་སྡོང’དུ་འགྱུར་ཡོང་སྙམ་མཁན་གཅིག་ཀྱང་བྱུང་མྱོང་མེད་ཅེས་ངའི་ཨ་མས་བཤད་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་སྤེན་པས་གྲོང་འདབས་ཀྱི་ཁམ་སྡོང་འོག་ལོ་96ལ་སླེབས་པའི་ཨ་མ་ལྷག་སྒྲོན་སྐྱོར་ནས་བཤད།
དཀའ་སྡུག་ཧ་ཅང་ཆེ་བའི་བོད་རྙིང་པར་ཐུན་མོང་མ་ཡིན་པའི་ཁམ་སྡོང་འདི་དག་ནི་ནམ་ཡང་ཕན་མེད་ཀྱི་དངོས་པོ་ཞིག་ཏུ་བརྩི་བ་དང་ཡུལ་མི་ཚོའི་ལས་དབང་ཡང་ཐང་རྒོད་ཀྱི་རི་སྐྱེས་ཁམ་སྡོང་དག་དང་ཅིས་མ་མཚུངས།
དེ་སྔའི་བུད་ཤིང་ཁོ་ནར་གྱུར་བའི་རི་སྐྱེས་ཁམ་སྡོང་དག་གྲོང་ཚོ་ཡོངས་བདེ་སྐྱིད་འཚོ་བར་རོལ་རྒྱུ་བྱུང་བའི“ཕྱུག་འགྱུར་ཁམ་སྡོང”དུ་གྱུར་ཡོད། ཁམ་སྡོང་དེ་དག་ལ་བརྟེན་ནས་ཡུལ་མི་ཚོས་དམངས་སྲོལ་གནས་ཚང་བཙུགས་པ་དང་། ཡུལ་ཟོག་འཚོང་བ། ཡུལ་སྐོར་གྱི་ཡོང་འབབ་བསགས་པ་བཅས་བྱས་ཏེ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་ཡོང་བཞིན་ཡོད།
2025ལོར་ཀ་ལ་གྲོང་ཚོས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་12ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་300ལས་བརྒལ་ཡོད་པ་དང་། དེ་སྔའི་རི་ཁྲོད་ཀྱི་སྐྱ་ཐེར་ཐེར་གྱི་གྲོང་ཚོ་དེ་ད་ཆ་གངས་ལྗོངས་ས་མཐོའི་སྐྱ་ནམ་དོད་ཤོས་ཀྱི་བདེ་སྐྱིད་གྲོང་ཚོར་གྱུར་ཡོད།
བགྲང་བྱ་བདུན་ཅུ་དོན་ལྔའི་རིང་། ཉིང་ཁྲིའི་རི་ཆུ་ཀླུང་གསུམ་ཚང་མས་འཕོ་འགྱུར་དང་རེ་བའི་གཏམ་བཟང་གླེང་བཞིན་ཡོད་པ་སྟེ། རི་ཚོགས་ཀྱིས་ཕུགས་འདུན་དོན་གཉེར་ལ་འགོག་རྐྱེན་བཟོ་མི་ཐུབ་ལ། ཤེས་བྱས་མདུན་ལམ་སྔར་བས་གསལ་དུ་བཏང་བ་དང་རི་གྲོང་གི་ཁམ་བུ་དག་ཕྱུག་འགྱུར་གྱི་མཆོག་ནོར་དུ་གྱུར་ཡོད། ས་གཞི་གཤིན་པོ་དེས་དཔའ་ངར་ཆེར་སྐྱེད་ངང་འབྱུང་འགྱུར་ལ་ཕྱོགས་ཏེ་དམངས་འཚོ་དགའ་བདེ་དང་བྱ་དངོས་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བརྗིད་ཆགས་མཛེས་རིས་ཤིག་བྲིས་དང་འབྲི་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།