དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ས་ཆ་འདི་ནི་ངའི་ཕ་ཡུལ་གཉིས་པ་ཡིན”

    ཕ་ཡུལ་སི་ཁྲོན་ནེ་ཅང་ནས་ཡིན་པའི་གཞོན་ནུ་མ་ཝུའུ་མན་ཉི་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    091fbc80cb78992ddea43a10ea83fe13.jpg

    འདི་ནི་ཝུའུ་མན་ཉི་ཡིས་གཏམ་བཤད་སྤེལ་བཞིན་པ། 

    ད་ལོ་ལོ་29ལ་སླེབས་པའི་ཝུའུ་མན་ཉི་ཡི་ཕ་ཡུལ་སི་ཁྲོན་ནས་ཡིན་ཞིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཤ་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་བཞིན་ཡོད། ཝུའུ་མན་ཉི་པ་སྣམ་རྫོང་དུ་འཚོ་བ་བསྐྱལ་ནས་ལོ་9ཙམ་ཕྱིན་པ་དང་། ལོ་དེ་དག་རིང་ཁོང་གི་ཞབས་ཞུའི་རྣམ་འགྱུར་ཡག་པོ་ཡོད་པས་མང་ཚོགས་དང་ཧ་ཅང་འཆམ་པོ་ཆགས་ཡོད།

    བཟའ་ཟླ་ལུའུ་ཕན་གྱི་སྲུ་མོ་སྔོན་ཆད་པ་སྣམ་རྫོང་དུ་ཤ་བཙོངས་ནས་སྡོད་ཀྱི་ཡོད་པ་དང་། 2017ལོར་ཕ་ཡུལ་དུ་ལོག་དགོས་བྱུང་བས། ཁོང་གཉིས་པོ་པ་སྣམ་རྫོང་དུ་ཡོང་ནས་མུ་མཐུད་སྲུ་མོའི་ཤ་ཚོང་ཁང་དེ་བཟུང་ནས་ཚོང་ལས་ཀྱི་ལམ་བུར་ཞུགས།

    ཝུའུ་མན་ཉི་ལ་མཚོན་ན། ཐོག་མར་མང་ཚོགས་ཀྱི་སྐད་བརྡ་འཕྲོད་དཀའ་བ་དང་། སྐབས་རེ་གོ་བརྡ་འཕྲོད་རྒྱུ་ཕར་ཞོག་བཞད་གད་ཀྱི་རྒྱུ་རུ་འགྱུར་བའི་སྐབས་ཀྱང་མཆིས། ལོ་ཁ་ཤས་རིང་ཁོང་གིས་ལས་ཞོར་སོགས་སུ་མང་ཚོགས་དང་ཉེ་བར་བཅར་ནས་བོད་སྐད་ཡག་པོ་སྦྱངས་པས། ད་ཆ་ཁོང་བོད་སྐད་གཙང་གཙང་ཤོད་ཐུབ་མཁན་ཞིག་དང་ཡུལ་མི་ཚང་མས་དགའ་པོ་བྱེད་པའི “པ་སྣམ་གྱི་བུ་མོ”ཞིག་ཏུ་གྱུར། བོད་སྐད་སྦྱོང་བའི་ཐད་ཝུའུ་མན་ཉི་ཡིས“བོད་སྐད་ཡག་པོ་མ་སྦྱངས་ཚེ་རྒྱུན་གཏན་གྱི་འབྲེལ་འདྲིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག དང་ཐོག་ངས་ཉིན་ལྟར་ཨང་ཀི་གཅིག་ནས་བརྒྱ་བར་སྦྱངས་པས་ཟླ་བ་གསུམ་ཙམ་སོང་རྗེས་སྣང་དག་མེད་པར་ཤེས་བྱུང་། དེ་ནས་ཉེ་འགྲམ་གྱི་ཚལ་འཚོང་མཁན་ཨ་ཅག་གཉིས་ཀྱི་གམ་ནས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་སྐད་ཆ་སྦྱོང་འགོ་ཚུགས་པ་དང་། དུས་རྒྱུན་གང་ཐུབ་ཅི་ཐུབ་ཀྱིས་བོད་སྐད་བརྒྱབ་ནས་གྲོང་མི་དང་ཚོང་རྒྱག་པ་དང་། བརྗོད་མ་ཤེས་པའི་མིང་ཚིག་འཕྲད་ཚེ་ཁོང་ཚོར་སྐད་ཆ་འདྲི་བ་སོགས་བྱས་ནས་བོད་སྐད་སྦྱངས་པ་ཡིན། སྐད་རིགས་གཅིག་སྦྱོང་བར་དངོས་གནས་སྟབས་བདེ་པོ་མི་འདུག ཉིན་གཅིག་མ་སྦྱང་ནའང་ལམ་སེང་བརྗེད་འགྲོ་གི་འདུག བྱས་ཙང་ཡང་ཡང་བསྐྱར་སྦྱོང་དང་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད་འདུག དེ་ལྟར་ལོ་གསུམ་ཙམ་སོང་བ་དང་ངའི་བོད་སྐད་སྤྱིའི་ཆ་ནས་སྣང་དག་མེད་པ་ཆགས་འདུག”་ཅེས་གད་མོ་དགོད་བཞིན་གསར་འགོད་པར་བཤད།                   

    འདི་ནི་ཝུའུ་མན་ཉི་ཡིས་ལྔ་ལྔ་དུས་ཆེན་ལ་ཞུགས་པའི་མཉམ་པར་ཡིན་པ།    

    “ང་དང་གྲོང་མིའི་དབར་གཉེན་ཉེ་དང་འདྲ་བར་ཕན་ཚུན་འཆམ་པོ་ཡོད། ངས་བོད་སྐད་ཡག་པོ་རྒྱག་ཐུབ་པ་དེ་གྲོང་མིའི་རོགས་རམ་དང་ཁ་འབྲལ་ཐབས་གཏན་ནས་མེད། རྒྱུན་དུ་ང་ཚོ་ཁྱིམ་དུ་ཕྲུ་གུ་ག་ཚོད་ཡོད་མེད་དང་། ར་ལུག་ག་ཚོད་ཡོད་མེད། ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་སོགས་ཅི་འཕྲོས་མོལ་འཕྲོས་ཤོད་རྒྱུར་ཧ་ཅང་དགའ་པོ་ཡོད། དེ་འདྲ་བྱས་ཚེ་ངའི་བོད་སྐད་ཀྱི་ཆུ་ཚད་ཀྱང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་བཤད།

    “ང་རང་རྒྱུན་དུ་གཞས་གཏོང་རྒྱུ་ཙམ་མ་ཟད་བོད་གཞས་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། དེར་བརྟེན་ངས་ལག་ཐོགས་ཁ་པར་ནས་བོད་གཞས་སྦྱོང་གི་ཡོད། བོད་གཞས་སྦྱང་རྒྱུ་དེ་དུས་རྒྱུན་གྱི་བོད་སྐད་སྦྱོང་བ་ལས་དཀའ་ལས་ཁག་པ་འདུག གཞས་གཅིག་ངས་ཐེངས་མང་ཉན་ཚེ་གཞི་ནས་ཧ་གོ་ཙམ་དང་ཉིན་ལྟར་ཐེངས་མང་སྦྱངས་ཚེ་གཞི་ནས་རོབ་ཙམ་ཤེས་ཀྱི་འདུག གང་ལྟར་ལས་ཀ་ག་རེ་བྱས་ཀྱང་རྒྱུན་འཁྱོངས་དང་བསྐྱར་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག ད་ལྟ་ངས《པེ་ཅིང་གསེར་གྱི་རི་ལ》ཞེས་པ་དང《ཏང་ལ་བསྟོད་གླུ་ཡང་ཡང་འབུལ》ཞེས་པ་སོགས་བོད་གཞས་མི་ཉུང་བ་ཞིག་གཏོང་ཤེས་ཀྱི་ཡོད”ཅེས་གསར་འགོད་པར་བཤད།

      འདི་ནི་ཝུའུ་མན་ཉི་དང་བུ་མོའི་མཉམ་པར་ཡིན་པ།              

    ཉིན་ཞིག་ཁོང་ཕྱི་ལ་ཤ་སྐྱེལ་བར་འགྲོ་སྐབས་གྲོང་མི་མང་པོས་ཁོང་གིས་འཁྱུག་དབྱིངས་ཀྱི་ཐད་གཏོང་ནས་བོད་གཞས་སྙན་པོ་གཏོང་གི་ཡོད་པ་ཤེས་རྗེས། མང་ཚོགས་ཀྱིས་གཞས་གཅིག་གཏོང་རྒྱུའི་རེ་བ་བཏོན་པས། ཁོང་གིས“དང་ཐོག་ང་རང་ངོ་ཚ་བྱུང་། འོན་ཀྱང་། རང་ཉིད་གཞས་ལ་དགའ་པོ་ཡོད་པས་བོད་གཞས་གཅིག་བཏང་བ་ཡིན། གཞས་བཏང་ཚར་རྗེས་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་བྱུང་ལ་དགའ་བསུ་ཡང་ཚ་ཐག་ཆོད་ཞུས་བྱུང་། སྐབས་དེ་དུས་དགའ་ཚོར་དང་བཅས་མུ་མཐུད་བོད་གཞས་ཡག་པོ་སྦྱོང་འདོད་ཀྱི་འདུན་པ་དེ་བས་དྲག་ཏུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།

    ཡང་ཉིན་ཞིག་ཚོང་ཁང་ནང་ཁོང་གཅིག་པུ་ཡིན་པས། ཤ་ལེན་པར་འགྲོ་བའི་ཁོམ་པ་མེད་སྟབས། སྒོ་འགྲམ་དུ་ཨ་ཅག་གཅིག་དང་ཨ་ཅོ་གཅིག་བསྡད་ཡོད་པ་མཐོང་འཕྲལ་ཁོ་གཉིས་ལ་ཚགས་ཤ་ལེན་རོགས་ཞེས་བརྗོད་མ་ཐག་ཁོང་གཉིས་ཀྱིས་ལམ་སེང་ལེན་པར་ཕྱིན་ཆོག་ཅེས་ལམ་ལ་ཆས། དེ་རྗེས་ཁོང་གཉིས་པོས་ཚགས་ཤ་ཚོང་ཁང་དུ་འཁྱེར་ཡོང་སྐབས། ཁོང་གིས་བཏུང་བྱ་མངར་མོ་གྲ་སྒྲིག་བྱས་ཡོད་པ་དང་། བཏུང་བྱ་འཐུང་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད། མ་ཟད་རྒྱུན་དུ་གྲོང་མི་ཕན་ཚུན་དབར་ཕར་རོགས་ཚུར་རོགས་བྱེད་ཀྱི་ཡོད་པས་ཁོང་ཚོའི་དབར་སྔ་ས་ནས་འབྲེལ་བ་ཟབ་མོ་ཆགས་ཡོད།

    གསར་འགོད་པས“པ་སྣམ་དུ་འཚོ་བ་གང་འདྲ་འདུག”ཅེས་འདྲི་སྐབས་ཝུའུ་མན་ཉི་ཡིས་འཛུམ་དམུལ་དམུལ་ངང“ཡག་པོ་འདུག ས་ཆ་འདིའི་མི་ཚང་མ་སེམས་པ་བཟང་ལ་སེམས་རྩ་འཁོལ་པོ་འདུག་པས་ང་རང་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྟེར་གྱི་འདུག”ཅེས་བཤད།

    འདི་ནི་ཝུའུ་མན་ཉི་ཡིས་མང་ཚོགས་ལ་ཤ་འཚོང་བཞིན་པ།

    “མི་འགས་རེས་ང་ལ་དཀའ་ལས་ཁག་གི་མི་འདུག་གམ་ཞེས་འདྲི་གི་འདུག དཀའ་ལས་ཡོད་པ་ཨ་ཅང་བརྗོད་མེད་རེད། སྡུག་པོ་སྔོན་ལ་མྱངས་ན་སྐྱིད་པོ་རྗེས་ལ་ཡོད་ཟེར་བ་དེ་བདེན་པ་མ་རེད་དམ་”ཞེས་བཤད། ཁོང་ལ་མཚོན་ན་ལོ་གཅིག་ཞག་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ནས་ཕ་ཡུལ་ལ་མང་བའི་སྐབས་སུ་ཉིན་ཉི་ཤུ་དང་ཉུང་བའི་སྐབས་སུ་ཉིན་བཅུ་གྲངས་ལས་སྡོད་ཁོམ་མེད་པ་དང་། དུས་ཚོད་མང་ཆེ་བ་པ་སྣམ་རྫོང་དུ་སྡོད་ཀྱི་ཡོད། ད་ཆ་ཝང་མན་ཉི་ཡིས་སྔ་ས་ནས་པ་སྣམ་རང་ཉིད་ཀྱི“ཕ་ཡུལ་གཉིས་པར”བརྩི་གི་ཡོད།

    བོད་སྐད་ཚིག་གཅིག་གིས་ལེ་དབར་སྟོང་གི་བར་ཐག་ཇེ་ཉེར་བཏང་བ་དང་། རྒྱུན་འཁྱོངས་གཅིག་གིས་རྒྱ་བོད་མི་རིགས་གཉིས་དབར་བརྩེ་བ་ཟབ་ཏུ་བཏང་། ལོ་དགུའི་རིང་གངས་ལྗོངས་ས་མཐོར་གཞིས་ཆགས་པའི་ཝུའུ་མན་ཉི་ཡིས་བོད་སྐད་སྦྲེལ་ཟམ་དུ་བྱས་ནས་གཞན་ཡུལ་རང་ཡུལ་དུ་བརྩིས་པ་དང་། ཁོང་གིས་བོད་སྐད་བྱང་ཆུབ་པ་ཞིག་བརྒྱབ་ནས་རྒྱ་བོད་མི་རིགས་གཉིས་ཀྱི་བརྩེ་བ་དང་སེམས་སྒྲ་བརྗོད་ཀྱི་ཡོད། ཁོང་གི་འཚོ་བ་དངོས་ལས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་བློ་སེམས་གཅིག་མཐུན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་བཞིན་པ་གསལ་ལེར་མཐོང་ཐུབ།

    (གསར་འགོད་པ། བསོད་ནམས་མཚོ་མོ། ཉི་མ་ཚེ་རིང་། བསོད་ནམས་དབང་འདུས། བསྟན་འཛིན་གཞོན་པ། གནམ་ཕྱུག་རྒྱལ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།