ངལ་བ་ཁྱད་དུ་བསད་ནས་འོད་སྟོང་བཏོད། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་བསྐྱོད།
ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་གོང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

འདི་ནི་གོང་དཀར་རྫོང་གིས་ཡར་འབྲོག་གཡུ་མཚོའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཉེ་འགྲམ་གྱི་གྲོང་གསེབ་ལ་ཡུལ་སྐོར་ཡོང་འབབ་གསོག་པར་སྐུལ་ཁྲིད་བྱེད་པ།

འདི་ནི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱིས་སྲོལ་རྒྱུན་ལག་ཤེས་འཐག་ལས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་དུས་རབས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་པ།

འདི་ནི་གོང་དཀར་རྫོང་སྲིན་པོ་རི་གནས་སྤོས་བྱ་ཡུལ་གྱིས་སྡོང་ཐུང་ཀུ་ཤུའི་ཁྱད་ལྡན་ཐོན་ལས་ལ་དམིགས་ཐོག་དེང་རབས་ཅན་གྱི་བཟོ་གྲྭར་བརྟེན་ཏེ་ས་མཐོའི་ཤིང་འབྲས་ཐོན་ལས་གཞི་ཁྱོན་ལྡན་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་པ།

འདི་ནི་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་གྱིས་བསྐྲུན་པའི་མི་རིགས་མཐུན་སྒྲིལ་ཐང་ཆེན་ཡིན་པ།

འདི་ནི་གོང་དཀར་རྫོང་གིས་ཞིང་ཁའི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ལོ་ཏོག་ཡུག་འབྲེལ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ། གཞི་ཁྱོན་ཅན་གྱི་ཞིང་ལས་ལ་བརྟེན་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་པ།
གླེང་གཞི།
2016ལོའི་ཟླ་5པར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་དངོས་སུ་བསྒྱུར་ཞིང་། ད་བར་ལོ་བཅུ་སོང་ཡོད།
ལོ་བཅུའི་རིང་། གོང་དཀར་རྫོང་གིས་ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་ལས་བྱུང་བའི་སྲིད་ཇུས་ཀྱི་ཕན་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། ཐོན་ཁུངས་ཀྱི་སྤུས་ཚད་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་པས། རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2016ལོའི་སྒོར་དུང་ཕྱུར་12.19ནས་2025ལོའི་སྒོར་དུང་ཕྱུར་33.96བར་འཕར་ཏེ་འཕར་ཚད་178.7%ཟིན་པ་དང་། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་ཁྲི་9589ནས་སྒོར་དུང་ཕྱུར་9.89བར་འཕར་ཏེ་འཕར་ཚད་931.5%ཟིན་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་5068ནས་སྒོར་དུང་ཕྱུར་1.41བར་འཕར་བ། གཏན་འཇགས་རྒྱུ་ནོར་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་300ལྷག་ཙམ་བཏང་བ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་པ་སོགས་མངོན་གསལ་དོད་པའི་གྲངས་གཞི་རེ་རེ་ལས་གོང་དཀར་རྫོང་གི་ཕྱོགས་བསྡུས་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་བྱུང་བ། མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ་བཅས་མཚོན་གྱི་ཡོད།
ཁྱད་ལྡན་ཞིང་འབྲོག་ལས་ལ་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ནས་ལོ་བཅུའི་རིང་གོང་དཀར་རྫོང་གི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་18.13ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་3.41བསྐྲུན་པ། 2017ལོ་དང་2019ལོར་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི“ནས་ཐོན་འཕར་གྱི་སྔོན་ཐོན་རྫོང”གི་གཟེངས་བསྟོད་རག་ཡོད། སྡོང་ཐུང་ཀུ་ཤུའི་ཐོན་ལས་གཉེར་སྐྱོང་ཚད་ལྡན་གྱི་སྲོལ་ལམ་དུ་བསྐྱོད་ནས“3750ཀུ་ཤུ”ལ་དབུས་རྒྱུད་ཞིང་ལས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་དང་། ས་ཁོངས་ཁེ་ལས་ཀྱི་སྦྲང་གསོའི་རྟེན་གཞིར“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྦྲང་གསོའི་རྟེན་གཞིའི”མཚན་སྙན་ཐོབ་པ། 2024ལོའི་ལོ་འཁོར་གྱི་བོད་ཀྱི་ཞིང་ལས་རྫོང་སྟོབས་ཆེན་གྱི་མིང་ཐོའི་ནང་བདེ་བླག་ངང་ཚུད་པ་བཅས་རེད།
རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། “མཛེས་ལྡན་ནམ་ཟླའི་མཚན་གྲོང”བཏོད་པ་དང་། “གོང་དཀར་རྫོང་གི་འཇའ་ཚོན་སྣ་ལྔའི་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་བཞི་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་གཉེར་བ། གྲོང་ཚོ(གྲོང་ལྷན)གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་43བཙུགས་པ་རེད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་4དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་14 གྲོང་ཁྱེར་རིམ་པའི་རྣམ་གྲངས་6བཅས་ཡོད་པ་དང་ལྷ་མོ་ཁྲིད་སྦྱོང་རྟེན་གཞི་5བཙུགས་ཡོད། ལྕེ་བདེ་ཞོལ་གྱི་པང་གདན་འཐག་པའི་སྲོལ་རྒྱུན་ལག་ཤེས་རྒྱལ་ཁབ་ཀྱི་སྲོལ་རྒྱུན་ལག་ཤེས་དར་རྒྱས་ཀྱི་མིང་གཞུང་ནང་ཚུད་པ་དང་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་ལྕེ་བདེ་ཞོལ་སྲུང་སྐྱོང་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། བོད་རིགས་འདུས་སྡོད་ཁུལ་གྱི“གནའ་བོའི་གྲོང་རྡལ་ཆེན་པོ་བརྒྱད”ཀྱི་མིང་བྱང་གསར་པ་ཉིན་རེ་བཞིན་བཀྲག་མདངས་འཚེར་དུ་སོང་ཡོད། ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་དེ་ཉིད་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བཏོད་པ་དང་། ལོ་བཅུའི་རིང་རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་880ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་3ལྷག་ཙམ་ཟིན་ཡོད།
ཁ་གཏད་རོགས་སྐྱོར་བྱས་ནས་ས་མཐོའི་ཡུལ་ལུང་བྱམས་ཀྱིས་བསྐྱངས་ཤིང་། ལོ་བཅུའི་རིང་། ཁྲང་ཧྲ་གྲོང་ཁྱེར་གྱིས་གོང་དཀར་ལ་བརྩེ་སེམས་ཆེན་པོས་རོགས་སྐྱོར་བྱས་ཏེ་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་དང་ཁག་བྱས་པས་ལེགས་སྐྱེས་ཕུལ་ཡོད། ཁྲང་ཧྲ་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོན་ལས་དང་། ལས་ཞུགས། སློབ་གསོ། སྨན་བཅོས། རིག་གནས་སོགས་གཙོ་གནད་ཁྱབ་ཁོངས་13ལ་དམིགས་ནས། ཡུལ་ལུང་གཉིས་ཀྱི་ཐོན་ལས་མཉམ་ལས་དང་། ཤེས་ལྡན་པའི་སྤེལ་རེས། ངལ་ནུས་ཕྱིར་གཏོང་། འཛད་སྤྱོད་རོགས་སྐྱོར་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ཡོད། ཤང་ཅང་གཙང་པོའི་འགྲམ་ནས་ཡར་ཀླུང་གཙང་པོའི་ངོགས་བར་དུ་ཁྲང་ཧྲ་ཡི་བོད་སྐྱོར་སྟོབས་ཤུགས་ཀྱིས་གོང་དཀར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས། “ཁྲང་ཧྲ་དང་གོང་དཀར་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་ཡིད་དབང་འཕྲོག་པའི་ལེའུ་བརྩམས་ཡོད།
སློབ་གསོ་དང་ལུས་རྩལ་བྱ་གཞག་དོ་སྙོམས་འཕེལ་རྒྱས་བྱུང་ཞིང་། མ་དངུལ་བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་གློག་རྡུལ་དཀར་པང་དང་དགེ་རྒན“མི་རེར་འཕྲུལ་ཆས་རེ”ཡོད་པ་སོགས་བརྒྱུད་ལམ་སྣེ་མང་གི་སྒྲིག་བཀོད་དང་། སློབ་ཁྲིད། གཞུང་ལས་དྲ་རྒྱ་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད། “ལྷོ་ཁ་གྲོང་ཁྱེར་གྱི་རིག་ལྡན་སློབ་གསོའི”གོང་དཀར་རྫོང་སློབ་འབྲིང་གི་གྲངས་འཛིན་ཅན་གྱི་སློབ་གྲྭ་འཛུགས་སྐྱོང་རྣམ་གྲངས་སྤྱོད་འགོ་ཚུགས་པ་ལས་རྫོང་ཡོངས་སུ་གྲངས་འཛིན་ཅན་གྱི་སློབ་གྲྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་98%ཡན་དང་། འོས་འགན་སློབ་གསོའི་དུས་མཚམས་སྲ་བརྟན་དུ་གཏོང་ཚད་100% མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་100%བཅས་ཟིན་ཞིང་། 2018ལོའི་ཆུང་རྒྱུགས་ཁྲོད་གྲོང་ཁྱེར་ཡོངས་ནས“ཨང་དང་པོ་གསུམ”གྱི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པ་རེད།
སྨན་བཅོས་འཕྲོད་བསྟེན་མཆོང་སྐྱོད་ལྟ་བུའི་ཡར་རྒྱས་བྱུང་ཞིང་། གོང་དཀར་རྫོང་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་བདེ་བླག་ངང་བཏོད་པ་དང་། རྫོང་སྨན་རྩིས་ཁང“ཀ་པ་རིམ་པ་དང་པོའི”མི་རིགས་གསོ་རིག་སྨན་ཁང་བདེ་བླག་ངང་བཏོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱི་ས་མཐོའི་བཙའ་སྒུག་ལྟེ་གནས་ཐོག་མ་བསྐྲུན་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་སུ་བོད་ལུགས་གསོ་རིག་གི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་སྟེ། གཞི་རིམ་འཕྲོད་བསྟེན་ཁང་གི་སྒོ་བསྟེན་དང་དོས་དྲག་སྨན་བཅོས་ཀྱིས་བཟུང་བའི་བསྡུར་ཚད་50%ཙམ་དང་། རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད་60%ནས་66%བར་བརྟན་པོ་བྱུང་ཡོད།
སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རྫོང་གྲོང་གི་བཙོག་ཆུ་དྭངས་གསིང་བཟོ་གྲྭ་དང་འཛུགས་སྐྲུན་གད་སྙིགས་སྦས་ས་བཙུགས་པ་དང་། ཤང་དང་གྲོང་རྡལ་གྱི་གད་སྙིགས་དབོར་ས་བསྐྲུན་ནས་བེད་སྤྱད་ཡོད། ལོ་བཅུའི་རིང་། རིམ་རྩིས་བརྒྱབ་ན། མི་ཐབས་ནགས་བཟོ་མུའུ་ཁྲི་8.48དང་། རི་བཀག་ནགས་གསོ་མུའུ་ཁྲི་5.15 བྱེ་འགོག་བྱེ་བཅོས་མུའུ་ཁྲི་14.7བཅས་བྱས་པས་རྫོང་ཡོངས་སུ་ནགས་ཚལ་ཁེབས་ཚད་32.56%དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་27.1%བར་མཐོ་རུ་ཕྱིན་ཡོད། “རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྔོན་ཐོན་མཉམ་སྡེབ”དང་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”བྱེ་འགོག་བྱེ་བཅོས་ལ་སྔ་རྗེས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྫོང་གྲོང་གི་བྱེད་ནུས་བཀོད་པ་མུ་མཐུད་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་སྒྲིག་འགལ་བྱ་སྤྱོད་ལ་བཅོས་སྒྲིག་ཤུགས་ཆེན་བཅས་བྱས་པས། རྫོང་གྲོང་དང་གནམ་ཐང་ས་ཁོངས་ཀྱི་རྣམ་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་གི་ལོ་ལྔའི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཤང་དང་གྲོང་རྡལ་3ལྷོ་ཁ་གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཟང་ཤོས་ཀྱི་གྲོང་རྡལ་བཅུའི་གྲས་སུ་བདམས་ཡོད། མ་དངུལ་སྒོར་དུང་ཕྱུར་3.6བཏང་ནས་རིམ་བཞིའི་གཞུང་ལམ་སྤྱི་ལེ་92.62དང་། རིང་ཚད་སྨི་96.8ཟིན་པའི་ཟམ་པ་4གསར་དུ་བརྒྱབ་པས། གྲོང་ཁྱེར་རིམ་པའི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་དཔེ་སྟོན་རྫོང་བདེ་བླག་ངང་འཛུགས་ཐུབ་ཡོད།
ལོ་བཅུའི་རིང་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། ལོ་བཅུའི་རིང་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གོང་དཀར་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མ་བརྗེད་པར་ངར་སེམས་ཆེར་སྐྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།