བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་པ།
འཛམ་གླིང་ལ་ཇི་མ་ཇི་བཞིན་གྱི་ཀྲུང་གོའི་བོད་ལྗོངས་མཐོང་དུ་འཇུག་པ།
ཕོ་བྲང་པོ་ཏ་ལ་ནས་བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་གླིང་ནས་སྤོས་བཟོ་སྟངས་སྦྱངས་པ། ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་གཉེར་བའི་མི་རིགས་ལག་ཤེས་བསླས་འཐག་མཉམ་ལས་ཁང་ལ་ལྟ་སྐོར་སོགས་བྱས་རྗེས། རྒྱ་གར་ཅཱ་ཝ་ཧ་ལར·ཉི་ཧེ་ལུའུ་སློབ་ཆེན་སྨྱན་སྦྱོར་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་མཱ་ནུའུ་ཁུང་ཏ·ལཱ་པིང་ཏེ་ལཱ་ནེ་ཐེ་ཡིས། “ད་རེས་ང་བོད་ལ་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན། མཁའ་རླུང་སོས་པ་དང་། འཆམ་མཐུན་གྱི་རྣམ་པ། བདེ་སྡོད་ལས་བརྩོན་གྱི་དམངས་ཚོགས་བཅས་དངོས་སུ་མཐོང་བ་དང་ཉམས་ལེན་བཟང་པོ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ངས་དངོས་སུ་མཐོང་བའི་བོད་ནི་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་རེ་འགས་འཕྲིན་སྤེལ་བྱས་པའི་བོད་དང་གཏན་ནས་འདྲ་ཡི་མི་འདུག གསར་འགྱུར་རྩོམ་སྒྲིག་ཁང་དུ་སྡོད་མཁན་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་བ་དེ་ཚོས་བོད་ཀྱི་ད་ལྟའི་གནས་ཚུལ་ཁུངས་མེད་འཁྱོག་བཤད་བྱེད་ཀྱི་ཡོད། དངོས་གནས་བྱས་ན་ཁོང་ཚོས་རང་ཉིད་ངོ་མ་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དངོས་ལ་ལྟ་བར་ཡོང་དགོས་ངེས་རེད”ཅེས་བརྗོད།
ཉིན་ཤས་གོང“བསམ་ཤེས་དང་རྒྱབ་སྐྱོར། འདོད་མཐུན་དང་གཅིག་མཐུན—བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་300ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་མ་འཚོག་གོང་དང་གྲོལ་རྗེས། ཕྱི་ཕྱོགས་ཀྱི་སྐུ་མགྲོན་ཚོས་བོད་ཀྱི་ས་ཆ་མང་པོར་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་པ་དང“འཛམ་གླིང་གིས་ཇི་མ་ཇི་བཞིན་གྱི་ཀྲུང་གོའི་བོད་ལྗོངས་མཐོང་དུ་འཇུག་རྒྱུ”དེ་ཁོང་ཚོའི་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད།
“ས་གནས་དེ་གར་འོད་ཤུགས་འབྲོག་ར་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཡག་པོ་བྱུང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་རྦད་དེ་མཐུན་ཡོད། བོད་ལ་སྔོན་ཐོན་ཚན་རྩལ་འཕེལ་རྒྱས་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་ཕན་ཚུན་ཡར་སྐུལ་ཐེབས་ཡོད། བཅོས་སྐྱོང་གི་ཉམས་མྱོང་དེ་དག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་ལཱ་པིང་ཏེ་ལཱ་ནེ་ཐེ་ཡིས་བརྗོད། ཁོང་གིས“ནུབ་ཕྱོགས་སྨྱན་སྦྱོར་ཁག་གཅིག་གིས་འཁྱོག་བཤད་བྱས་པའི་འཕྲིན་སྤེལ་ལ་དམིགས་ཏེ་འཛམ་གླིང་ལ་བོད་ཀྱི་དངོས་ཡོད་རྣམ་པ་ངོ་སྤྲོད་བྱེད་པའི་འགན་འཁྲི་ང་ཚོར་ཡོད”ཅེས་བརྗོད།
“སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མི་འདྲ་བའི་སྤེལ་རེས་ཀྱིས་གོ་སྐབས་དེ་བས་མང་བ་གཏོད་ཐུབ”ཅེས་སི་རི་ལན་ཁ་ལས་གྲྭའི་ལག་རྩལ་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་ཚན་ཁག་གི་ཀྲུའུ་རེན་ཀའེ་དབྱང·མ་ཏན་ཧྲང་ཁཱར་ལ་ལྟ་སྐོར་འཚམས་འདྲི་བྱེད་རིང་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམ་པས་སི་རི་ལན་ཁ་དང་ཀྲུང་གོ་ས་གནས་གཉིས་ཀྱི་ཤུལ་བཞག་དང་སྒྱུ་རྩལ་དང་མཛད་སྒོར་གཤིབ་བསྡུར་བྱེད་ཆོག་ལ། སྨྱན་སྦྱོར་མི་སྣས་གནད་ལ་འཁེལ་ཞིང་བརྩེ་བ་ལྡན་པའི་སྒོ་ནས་གཏམ་རྒྱུད་བརྗོད་ཆོག གཞོན་ནུ་ཚོས་ཀྱང་གྲངས་གཞིའི་ལས་སྟེགས་དང་། དངོས་མཚོན་གློག་བརྙན། པར་ལེན། གསར་གཏོད་རྣམ་གྲངས་བཅས་ཕན་ཚུན་སློབ་སྦྱོང་བྱེད་ཆོག་ལ། ཡུལ་སྐོར་བས“ལྟ་སྐོར”ཁོ་ན་མ་བྱས་པར་དངོས་སུ་ཚོད་ལྟ་དང་རྒྱུས་ལོན་བྱས། ཡུལ་སྐོར་ལས་རིགས་ཀྱང་རིག་གནས་སྤེལ་རེས་ཀྱི་ཐབས་ལམ་ཞིག་ཏུ་འགྱུར་ཐུབ་ཅེས་བརྗོད།
“ང་ཚོས་བརྩི་འཇོག་རྨང་གཞིར་བྱེད་པ་དང་གནད་འཁེལ་གཙོ་བོར་བཟུང་སྟེ། རིག་གནས་ཀྱི་ཉམས་བཟང་གཞན་དབང་ནས་མངོན་པར་བྱེད་དགོས། བོད་ཀྱི་གནས་ཚུལ་ངོ་མ་དེ་འབོད་ཚིག་གམ་ཡང་ན་པར་རིས་ཁོ་ནར་ཁུ་བསྡུ་བྱེད་མི་རུང་བར་དེ་ལས་ཕྱོགས་གཉིས་ཀྱི་སྤེལ་རེས་ཐབས་ལམ་བཏོད་དེ་ཉན་འཇོག་དང་། སློབ་སྦྱོང་། མཉམ་ལས་བཅས་ཤེས་པར་བྱེད་དགོས”ཞེས་མ་ཏན་ཧྲང་ཁཱ་ཡིས་བརྗོད་པ་དང་། ཁོང་གིས་དེང་རབས་སྤྱི་ཚོགས་ཀྱི་སྤེལ་རེས་དེ་ཆ་འཕྲིན་མགྱོགས་མྱུར་བརྒྱུད་སྤྲོད་བྱེད་པའི་བར་སྟབས་བདེ་རུ་ཕྱིན་ནས་སྐར་ཆ་ཁ་ཤས་ནང་ཆ་འཕྲིན་དང་། པར་རིས། བརྙན་ལམ། གསར་འགྱུར་བཅས་བསྐུར་ཐུབ་ཀྱི་ཡོད་མོད། འོན་ཀྱང་སྤེལ་རེས་ངོ་མ་ནི་མྱུར་ཚད་ཡོད་པ་ཙམ་གྱིས་ག་ལ་འགྲིག དེ་ནི་ཕན་ཚུན་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིག་གནས་མི་འདྲ་བར་ཕན་ཚུན་ཉན་འཇོག་བྱེད་པའི་ཁྲོད་ནས་གོམས་སྟབས་ཀྱི་བག་ཆགས་མེད་པར་བཟོས་ཏེ་སྲོལ་རྒྱུན་དང་འཚོ་བ་སྐྱེལ་སྟངས་རྒྱབ་ཀྱི་མི་ཆོས་རིག་གནས་ཀྱི་རིན་ཐང་འཚོལ་ཞིབ་བྱ་རྒྱུ་ནི་རིག་གནས་སྤེལ་རེས་ཀྱི་དོན་སྙིང་ཟབ་མོ་དེ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།