དེང་རབས་ཅན་གྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན།

མི་རིང་བའི་གོང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་དབྱིན་ཡིག་དཔར་མའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འོས་སྦྱོར་ཚོགས་འདུ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་འཚོགས་ཤིང་། གསུང་རྩོམ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གལ་ཆེན་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཅིག་སྡུད་ཐོག་མངོན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་བྱ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
དེང་གི་འཛམ་གླིང་ལ་འཕོ་འགྱུར་གཏིང་ཟབ་འབྱུང་བཞིན་ཡོད་པས། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་ཕན་ཚུན་བསམ་ཤེས་ཟབ་ཏུ་གཏོང་བ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཧིན་རྡུ་ཉི་ཞི་ཡའི་ཀློག་པ་པོར་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏན་ཚིགས་ལ་གོ་བ་ལེན་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཤིང་། ཧིན་རྡུ་ཉི་ཞི་ཡའི་མཁས་དབང་དང་། སྲིད་ཇུས་འགོད་མཁན། ལས་རིགས་ཁག་གི་ཆེད་ལས་མི་སྣ་བཅས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་བུ་དང་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་བསམ་ཕྱོགས་བྱེད་ཐབས་དང་དེ་བཞིན་ཕུགས་ཀྱི་འཕེལ་རྒྱས་བཀོད་པ་ཐད་ཀར་ཤེས་རྟོགས་བྱེད་པར་རོགས་རམ་ཐུབ་ཀྱི་ཡོད། དེབ་དེའི་རིན་ཐང་གལ་ཆེན་ཞིག་ནི་དེང་རབས་ཅན་ལ་གཏན་འཁེལ་གྱི་རྣམ་པ་གཅིག་ཁོ་ན་ལས་མེད་པ་མ་ཡིན་ལ། སྟབས་བདེའི་ངང་འདྲ་བཟོ་ཆོག་པའི་ཡོངས་ཁྱབ་ཀྱི་མ་དཔེ་ཡང་མེད་པ་གསལ་བཤད་བྱས་པ་དེ་རེད། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ་རྒྱུན་མཐུད་ངང་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ཚེ། གཞི་ནས་རང་ཉིད་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་ཐུབ། ལག་ལེན་གྱི་ཉམས་མྱོང་དེ་ལས་ཧིན་རྡུ་ཉི་ཞི་ཡ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་གིས་རང་བརྟེན་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད་པ་རེད།
རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་ལ་ཕན་ཚུན་དཔྱད་གཞིར་འཛིན་པའི་རིན་ཐང་ལྡན་པ་དང་། ཕན་ཚུན་དབར་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་ནི་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་མཚོན་ན། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་རང་རང་གི་ཁྱད་ཆོས་ལྡན་པ་དང་གསབ་རེས་གང་ལེགས་ཐུབ་ཀྱི་ཡོད། ཕྱོགས་གཉིས་པོས་དེ་བས་དོ་སྙོམས་དང་དེ་བས་མཉེན་གཤིས་ལྡན་པའི་དམངས་ཁྲོད་ཀྱི་སྤེལ་རེས་བྱེད་སྟངས་བཏོད་དེ། མི་ཆོས་རིག་གནས་སྤེལ་རེས་བྱེད་པ་རྒྱུན་གཏན་གྱི་འགྲོ་འོང་ནས་དེ་བས་གཏིང་ཟབ་པའི་འདུ་ཤེས་གཅིག་མཐུན་ཡོང་བའི་ཕྱོགས་སུ་སྐུལ་འདེད་བཏང་ན། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་དེ་བས་ལེགས་པའི་སྒོ་ནས་གཅིག་ཏུ་བསྒྲིལ་ཐུབ། ཉེ་བའི་ལོ་ཤས་རིང་། ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཧིན་རྡུ་ཉི་ཞི་ཡའི་སློབ་མའི་མི་གྲངས་བརྟན་པོར་འཕར་ཞིང་། རྒྱལ་ཁབ་གཉིས་པོའི་མཐོ་སློབ་དང་། རིག་མཛོད། རིག་གནས་སྒྲིག་གཞི་བཅས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་ཕྱིན་ཏེ། ཤེས་བྱ་སྤེལ་རེས་དང་ཉམས་མྱོང་མཉམ་སྤྱོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་ཕྱིན་ཡོད་པ་རེད།
ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་ཞུགས་གཙོ་བོ་བཅས་ཡིན་ལ། འཕེལ་རྒྱས་ཀྱི་དུས་མཚམས་འདྲ་བ་དང་། འདུ་ཤེས་འཛིན་སྟངས་གཅིག་མཐུན། རིག་གནས་ཀྱི་སྲོལ་རྒྱུན་འདྲ་མཚུངས་བཅས་རེད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ནི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྲིད་ཇུས་འབྲེལ་མཐུད་ཀྱི་འདེགས་སྐྱོར་བརྟན་པོ་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་ཤེས་རྟོགས། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་ཐུབ་མིན་དང་ཡང་འབྲེལ་བ་དམ་ཟབ་ཡོད། དེ་བས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འགྲོ་འོང་གི་སྤུས་མཐོ་རིམ་སྤོར་ལ་སྐུལ་འདེད་བཏང་ཚེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ལ་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་ལ། དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་ཁྲོད་ཕྱོགས་གཉིས་པོའི་བརྩེ་དུང་གི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མཉམ་དུ་གཏོད་རྒྱུར་རམ་འདེགས་ཐུབ་པ་རེད།
(རྩོམ་པ་པོ་ནི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཞིབ་འཇུག་གསར་གཏོད་ཧྲུའུ་ཡི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།