སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།

འདི་ནི་ཀྲུང་གུང་ཚོགས་ཆེན་བརྒྱད་པའི་འཚོགས་ཡུལ་ཏེ་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་གི་ཕྱི་ངོས་རྣམ་པ་ཡིན་པ།
པེ་ཅིང་གྲོང་ནུབ་ཆུས་ཐའེ་ཕིང་ཆའོ་ཁྲོམ་གཞུང་གི་ནུབ་ངོས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་འགྱིང་ངེར་གནས་པ་དེ་བརྗིད་ཉམས་ཤིན་ཏུ་ཆེ། སྒོ་བྱང་གི་གཞི་དཀར་པོའི་ཐོག་བྲིས་པའི“ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་ཡུལ”ཞེས་པའི་ཡིག་འབྲུ་དམར་པོ་དག་མངོན་གསལ་ཤིན་ཏུ་དོད།
སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྲུང་གོར་བཙུགས་ཚུན། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་སམ། སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་སམ། ལོ་རྒྱུས་རང་བཞིན་གྱི་དཔྱོད་དོན་གསར་རྐྱང་ཞིག་ཀྲུང་གོ་གུང་ཁྲན་ཏང་གི་མདུན་དུ་འཕྲད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་མེ་ལོང་དུ་འཛིན་ནས་འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་མཐའ་དག་གི་གཞི་ཚུགས་ས་ཡིན་ལ། དེ་བས་ཏང་གིས་ལོ་བརྒྱར་འབད་འཐབ་བྱས་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་ཀྱང་ཡིན”ཞེས་བསྟན་གནང་ཡོད།
1955ལོའི་ལོ་མཇུག་ནས་1956ལོའི་དཔྱིད་ཀའི་བར། མའོ་ཙེ་ཏུང་སོགས་ཀྲུང་དབྱང་གི་འགོ་ཁྲིད་པས་ཞིབ་ཚགས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་མང་པོ་གནང་ཞིང་། 1956ལོའི་ཟླ་2པ་ནས་ཟླ་4པ་བར། མའོ་ཙེ་ཏུང་གིས་བཟོ་ལས་ཐོན་སྐྱེད་དང་དཔལ་འབྱོར་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་35ཡི་སྙན་ཞུ་གསན་པ་བརྒྱུད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འཛིན་པའི་དགོངས་ཚུལ་རབ་དང་རིམ་པ་རིམ་བཞིན་གྲུབ་ཡོད།
བརྟག་དཔྱད་ཞིབ་ཚགས་གནང་བ་བརྒྱུད། མའོ་ཙེ་ཏུང་གིས་1956ལོའི་ཟླ་4ཚེས་25ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག《འབྲེལ་བ་ཆེན་པོ་བཅུ་གླེང་བ》ཞེས་པའི་གསུང་བཤད་གནང་བ་དང་། ཟླ་5ཚེས་2ཉིན་ཆེས་མཐོའི་རྒྱལ་དོན་ཚོགས་འདུར་སླར་ཡང་སྙན་ཞུ་གནང་ཞིང་། སྙན་ཞུའི་ནང་རྒྱལ་ཁབ་ཕྱི་ནང་གི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་མ་ཟད། ད་དུང་རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་སྡོམ་རགས་ཙམ་གནང་སྟེ། ཀྲུང་གོའི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུའི་ལས་འགན་ཡང་བཏོན་གནང་ཡོད།
1956ལོའི་ཟླ་9ཚེས་15ནས་ཚེས་27ཉིན་བར། ཏང་གི་ཚོགས་ཆེན་བརྒྱད་པ་གཟབ་རྒྱས་ངང་འཚོགས་པ་ནི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་རྗེས་འཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་རེད། ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་སྤྱིར་ན་ལེགས་གྲུབ་བྱུང་བའི་དུས་བབ་ལ་གཞིགས་ནས། རྒྱལ་ནང་གི་འགལ་ཟླ་གཙོ་བོ་ནི་བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་གྱི་འགལ་ཟླ་མིན་པར། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་མྱུར་པོ་འགྲོ་བར་བྱ་རྒྱུའི་མི་དམངས་ཀྱི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བར་གྱི་འགལ་ཟླ་རེད་ཅེས་དང་། རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཟོ་ལས་ཅན་དུ་བསྒྱུར་ཏེ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རིམ་བཞིན་སྐོང་རྒྱུ་དེ་རེད་ཅེས་བཏོན་ཡོད།
ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་སྤྱི་ཚོགས་རིང་ལུགས་གསར་བརྗེ་སྤྱིར་ན་ལེགས་གྲུབ་བྱུང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཞི་རྩའི་ཆ་ནས་གཏན་འཁེལ་བྱུང་བ་ཁྱབ་བསྒྲགས་བྱས་པ་མ་ཟད། སླད་ཕྱིན་ཏང་གི་རྩ་བའི་ལས་འགན་ཡང་གསལ་པོར་བཏོན་ཡོད།
《འབྲེལ་བ་ཆེན་པོ་བཅུའི་སྐོར་གླེང་བ》དང་ཏང་གི་ཚོགས་ཆེན་བརྒྱད་པ་མཚོན་རྟགས་སུ་བྱས་པ་བརྒྱུད། ཏང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་འགོ་ཡག་པོ་ཞིག་བརྩམས་ཡོད། ཏང་གི་ཚོགས་ཆེན་བརྒྱད་པ་འཚོགས་རྗེས་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་བྱེད་རིང་ལུས་པའི་གནད་དོན་ཐག་གཅོད་བྱ་ཆེད། ཀྲུང་དབྱང་གིས“བྱེད་པོ་གསུམ་དང་ཁ་གསབ་གསུམ”གྱི་མཛད་ཕྱོགས་ལྟར་དཔལ་འབྱོར་འབྲེལ་བ་ལེགས་སྒྲིག་བྱས་པར་འཕེལ་རྒྱས་རགས་ཙམ་བྱུང་བ་དང་། དཔལ་འབྱོར་འཁྲུག་ཏུ་གཏོང་བའི་བསམ་ཕྱོགས་གསར་པ་ཁ་ཤས་ཀྱང་ཐོན་པ་མ་ཟད། ད་དུང་ཏང་གིས་ཞིང་ལས་མཉམ་སྡེབ་དཔལ་འབྱོར་ནང་ཁུལ་གྱི་འབྲེལ་བ་ལེགས་སྒྲིག་བྱས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ནང་དོན་དུ་བྱས་པའི་སྒྱུར་བཅོས་རིམ་བཞིན་བྱེད་འགོ་ཡང་ཚུགས་ཡོད། 1957ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་རྒྱལ་གྱིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་དང་པོའི་འཆར་གཞི་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང། ཀྲུང་གོ་གུང་ཁྲན་ཏང་མིས་དུས་གནས་རྟོགས་དཔྱོད་བྱས་ཏེ་བརྡར་ཤ་གལ་ཆེན་བཅད་པ་སྟེ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་བར་གྱི་འགལ་ཟླར་གྱུར་ཅིང་། འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་དེ་འཕེལ་རྒྱས་ཀྱི་སྤུས་ཚད་ཐོག་ནས་གཅིག་སྡུད་ཐོག་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་དངོས་པོ་དང་བསམ་པའི་ཐོན་རྫས་སྔར་བས་མང་བ་དང་ལེགས་པ་ཐོན་སྐྱེད་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས”ཞེས་བསྟན་གནང་ཡོད།
སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ལས་བྱུང་བ་ཞིག་དང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ཡིད་ཆེས་ཀྱིས་ཁེངས་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།