དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས་མང་ཚོགས་ལ་ཐག་ཉེ་ས་ནས་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལེའོ་ཝུན་ཀེན། ཧྥུའུ་ཝུན།   |     སྤེལ་དུས།  2026-06-23

    མི་དམངས་བདེ་ཐང་ཡོང་བར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་མང་ཚོགས་ཀྱིས་ནད་གཞི་བསྟེན་ཐུབ་པ་དང་ནད་གཞི་ཡག་པོ་བསྟེན་ཐུབ་པའི་རེ་བ་བྱེད་ལ། ནད་གཞི་གང་ཐུབ་མི་ཕོག་པ། ནད་གཞི་བསྟེན་སྐབས་དེ་བས་བློ་བདེ་བ་དང་ཞབས་ཞུ་དེ་བས་སེམས་རྩ་འཁོལ་པོ་བཅས་ཡོང་བའི་རེ་བ་བྱེད་པ་མ་ཟད། སྲིད་གཞུང་གིས་མི་དམངས་ཀྱི་བདེ་ཐང་འགན་ལེན་དང་གཞི་རྩའི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུ་བསྒྲུབ་རྒྱུར་དེ་བས་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་མི་དམངས་ཀྱི་བདེ་ཐང་འགན་ལེན་ཡོང་བའི་དོན་དེ་ཐུགས་ལ་ཡང་ཡང་འཆང་བཞིན་དུ་གསུངས་ཡོད།

    ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་གཏན་འཁེལ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་སོགས་རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ཅིག་བཏོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    “རྨོ་བོ་ལགས། ཁྱེད་རང་དྲག་སྐྱེད་ཡག་པོ་བྱུང་འདུག སྨན་དུས་ཐོག་ཏུ་མཆོད་རྒྱུ་མ་བསྙེལ་པ་གནང་ཨང་། ཉིན་ཁ་ཤས་ནས་ངས་ཁྱེད་ལ་ལྟ་བར་སླེབས་འོང”ཞེས་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཡིའུ་ཤིས་རྫོང་སྤྱི་ཁྱབ་སྨན་ཁང་མེ་ཤན་ཡན་ལག་སྨན་ཁང་གི་སྨན་པ་ཡུས་སི་ཝུའེ་ཡིས་མི་རིང་བའི་གོང་མེ་ཤན་གྲོང་རྡལ་ཅིའུ་ཏུའུ་སྡེ་ཁུལ་གྱི་ཤའོ་ཨའེ་མེ་ཡི་ཁྱིམ་དུ་བརྟག་དཔྱད་བྱེད་པར་སྐྱོད་སྐབས་དེ་ལྟར་བཤད།

    ཉིན་ཞིག་གི་ཞོགས་པར། ལོ་བརྒྱད་ཅུ་ལ་སླེབས་པའི་ཤའོ་ཨའེ་མེ་གློ་བུར་དུ་སྙིང་རྩ་འགག་ནས་སྨན་ཁང་དུ་བསྐྱལ་བ་དང་། ཡིའུ་ཤིས་རྫོང་སྤྱི་ཁྱབ་སྨན་ཁང་མེ་ཤན་ཡན་ལག་སྨན་ཁང་གི་སྨན་དོན་པས་འཕྲལ་མར་མྱུར་སྐྱོབ་ཀྱི་སྔོན་ཇུས་བཟོས་ནས་བྲང་གཟེར་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་མྱུར་སྐྱོབ་ལས་རིམ་གཞིར་བཟུང་འཕྲལ་མར་མྱུར་སྐྱོབ་ཐུབ་པ་རེད།

    ཤང་དང་གྲོང་རྡལ་གྱི་སྨན་ཁང་ཞིག་གིས་སྙིང་རྩ་འགག་པ་མྱུར་སྐྱོབ་བྱེད་པ་ནི་སན་མིང་གྲོང་ཁྱེར་གྱིས་སྨན་བཅོས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བ་ལས་བྱུང་བའི་ཕན་འབྲས་ཤིག་ཡིན། སན་མིང་གྲོང་ཁྱེར་གྱིས་སྨན་བཅོས་སྒྱུར་བཅོས་བྱེད་པ་དེ་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་བྱ་རྒྱུ་འཇུག་གཞིར་བྱས་ནས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ་མཉམ་འགུལ”གྱི་ཕྱོགས་བསྡུས་སྒྱུར་བཅོས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མི་དམངས་མང་ཚོགས་ལ་བློས་འགེལ་ཆོག་པའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད།

    2016ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་གནས་ཚུལ་སྙན་སེང་གསན་ཏེ་སྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་དང་། 2021ལོའི་ཟླ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ་ཕེབས་ནས“སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་སྤུས་ལེགས་བཀོད་སྒྲིག་དོ་སྙོམས་བྱེད་པ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་མཐུན་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་བདེ་ཐང་ལ་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས”པའི་ནན་བཤད་གནང་ཡོད།

    མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སན་མིང་གྲོང་ཁྱེར་གྱིས་སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ་བདེ་ཐང་འགན་ལེན་བྱས་ཡོད།

    སྒྱུར་བཅོས་མ་བྱས་གོང་། སན་མིང་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་རྫོང་རིམ་པའི་སྨན་ཁང་གཉིས་རེ་ཡོད་པ་དང་། ཤང་དང་། གྲོང་རྡལ། ཁྲོམ་གཞུང་བཅས་སོ་སོར་ཡང་འཕྲོད་བསྟེན་ཁང་དང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོད་ནའང་། སྨན་བཅོས་སྒྲིག་གཞི་དེ་དག་ཕན་ཚུན་གཅིག་ཁོངས་གཅིག་ཏུ་མི་གཏོགས་པའི་ཁར། ལུགས་མཐུན་མིན་པའི་འགྲན་རྩོད་ཀྱང་ཡོད་པས་འཁོར་རྒྱུག་བཟང་པོ་འོང་ཐབས་བྲལ་ཡོད།

    ཡིའུ་ཤིས་རྫོང་གིས་རྫོང་རིམ་པའི་སྨན་ཁང་2དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་15 གྲོང་ཚོའི་འཕྲོད་བསྟེན་ཁང་212བཅས་བསྡུ་སྒྲིལ་བྱས་ནས་སྤྱི་ཁྱབ་སྨན་ཁང(སྨན་བཅོས་གཅིག་མཐུན་ཚོགས་པ)བཙུགས་ཏེ། མི་རྒྱུ་དངོས་གསུམ་གྱི་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད།

    ཡིའུ་ཤིས་རྫོང་སྤྱི་ཁྱབ་སྨན་ཁང་གིས་མེ་ཤན་ཡན་ལག་སྨན་ཁང་སོགས་སུ་མྱུར་སྐྱོབ་ཡན་ལག་ས་ཚིགས་4མང་དུ་བཏང་ནས་མྱུར་སྐྱོབ་བྱེད་མཁན་ལ་རེས་མོས་སྦྱོང་བརྡར་སྤྲས་པ་དང་མྱུར་སྐྱོབ་ཀྱི་ཚད་གཞི་གཅིག་གྱུར་བཟོས་པས། མྱུར་སྐྱོབ་དང་ལེན་བྱེད་པའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ཏེ་ཛ་དྲག་དང་ཉེན་ཆེའི་ནད་གཞི་ཚབས་ཆེན་མཉམ་དུ་མྱུར་སྐྱོབ་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།

    སྨན་བཅོས་འགན་བཅོལ་གྱི་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱུང་ནས་མི་དམངས་མང་ཚོགས་ལ་ནད་ཆུང་དང་ནད་ཆེན་ལྟ་བའི་སྨན་རིན་འགན་ལེན་ཡག་པོ་ཐུབ་ཡོད།

    སན་མིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་བཅས་ཀྱི“འགན་བཅོལ་གསུམ་གཅིག་སྒྲིལ”ལ་སྐུལ་འདེད་བཏང་བས་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་དང་སྨན་རྫས་ཉོ་སྒྲུབ་གཅིག་གྱུར་བྱུང་ནས། ཐེབས་རྩར་གྲོང་ཁྱེར་རིམ་པའི་སྤྱི་འདོམས་ཐུབ་སྟེ་དེ་བས་ནུས་ཆེ་དང་ཚན་རིག་དང་མཐུན་པའི་དོ་དམ་སྒྲིག་གཞི་ཞིག་ཆགས་ཡོད།

    སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆ་བར་ཁེ་མེད་པར་ཕྱིར་ཚོང་བྱ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། སྨན་རྫས(ཟད་གྲོན་རྒྱུ་ཆ)མཉམ་འབྲེལ་ཐོག་རིན་གོང་བཅག་ནས་ཉོས་ཏེ། འབོར་བཅད་ཉོ་སྒྲུབ་དང་། སྡེབ་སྐྱེལ། བེད་སྤྱོད། མཇུག་རྩིས། ལྟ་འདོམས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་བསྡུས་ཇུས་བསྟར་ཐུབ་ཡོད།

    སན་མིང་གྲོང་ཁྱེར་གྱིས་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆའི་རིན་གོང་དམའ་རུ་གཏོང་བར་བརྟེན་ནས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དེ་ཐོག་ནས་སྨན་དོན་པའི་ལག་རྩལ་ངལ་ནུས་ཀྱི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་མངོན་པ་མ་ཟད། དམའ་རུ་བཏང་བའི་རིན་གོང་གི་20%ནས་30%བར་གྱི་དངུལ་དེ་དག་མང་ཚོགས་ཀྱི་སྨན་བཅོས་འགྲོ་སོང་ཉུང་དུ་གཏོང་བར་སྤྱོད་རྒྱུ་ཡིན་པ་རེད།

    གྲངས་གཞི་ཁག་གཅིག་ལས་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་པ་སྟེ། 2011ལོ་ནས་2025ལོ་བར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ཚང་མའི་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆའི་འགྲོ་གྲོན་སྒོར་དུང་ཕྱུར་0.82ལས་འཕར་མེད་པ་དང་། སྨན་རྫས་ཟད་གྲོན་རྒྱུ་ཆའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་60.08%ནས་29.11%བར་ཆག་པ། སྨན་བཅོས་ཞབས་ཞུའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་18.37%ནས་51.11%བར་མཐོ་རུ་ཕྱིན་པ་བཅས་རེད།

    ཡུལ་བབ་དང་བསྟུན་ནས་སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དོན་འཁྱོལ་གནད་སྨིན་བྱུང་བ་སྟེ།

    ཧུའུ་པེ་ཡིས་རྫོང་ཁོངས་ཀྱི་གློག་པར་དང་སྙིང་པར་ལྟེ་གནས་འཛུགས་སྐྲུན་སོགས་དམ་འཛིན་བྱ་གཞིར་བྱས་ནས“ཁ་ཐོར་རྣམ་པའི་བརྟག་དཔྱད་དང་། གཅིག་སྡུད་རྣམ་པའི་ནད་བརྟག་སྨན་བཅོས། ས་ཁོངས་ནང་ཕན་ཚུན་ཁས་ལེན”བཅས་ཀྱི་ཞིབ་བཤེར་བརྟག་དཔྱད་བྱེད་སྟངས་ཁྱབ་གདལ་བཏང་ནས་ནད་པ་བཅུ་ཆ་དགུ་རྫོང་ཁོངས་སུ་ཉར་ནས་སྨན་བཅོས་བྱས་པ་དང་། ཅང་སུའུ་ཡིས་སྨན་བཅོས་ཞབས་ཞུའི་རིན་གོང་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་སུ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་269གསར་དུ་བསྣན་པ་དང་རྣམ་གྲངས་ཀྱི་རིན་གོང་ཁག་1411ལེགས་སྒྲིག་བྱས་པ། ཨན་ཧུའེ་ཡིས“སྨན་པ་གྲགས་ཅན་གྱི་ལས་དོན་ཁང”369བསྐྲུན་ནས་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་མང་ཚོགས་ལ་ཁྱབ་པར་བྱས་པ་ལ་སོགས་རེད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་བཏང་བས“ནད་ཆེན་ཞིང་ཆེན་ནས་བཅོས་ཐུབ་པ་དང་། སྤྱིར་བཏང་གི་ནད་གཞི་གྲོང་ཁྱེར་དང་རྫོང་ནས་བཅོས་ཐུབ་པ། རྒྱུན་ལྡན་གྱི་ནད་གཞི་གཞི་རིམ་ནས་བཅོས་ཐུབ་པ”བཅས་གང་མགྱོགས་བྱུང་ཡོད། ད་ཆ་རང་རྒྱལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.25ཟིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།