བོད་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁེ་དབང་ཞབས་ཞུའི“ཀུན་གསལ་ལག་དེབ”བཀྲམ་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་འགན་སྲུང་གི་ཁེ་དབང་ཞབས་ཞུའི“ཀུན་གསལ་ལག་དེབ”》རྩོམ་སྒྲིག་བྱས་ནས་བཀྲམ་པ་རེད། ལག་མཐིལ་གྱི་ཆེ་ཆུང་ཙམ་ལས་མེད་པའི་ལག་དེབ་དེ་ནི་དེབ་འཁོད་ཀྱི་སྲིད་ཇུས་རྣམས་ངལ་རྩོལ་པས་ཁ་ཕྱེ་མ་ཐག་རྙེད་ཐུབ་པ་དང་དེར་གཞིགས་ནས་སྒྲུབ་ཆོག་ཆོག་གི་ལག་ཆ་གོ་ཆོད་ཅིག་ཡིན་པས་ལས་ཞུགས་ཚོགས་སྤྱི་གསར་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
མྱུར་སྐྱེལ་བ་དང་། མངགས་སྐྱེལ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་ཚོགས་སྤྱི་གསར་པར་དུས་ཡུན་རིང་པོའི་ནང“སྲིད་ཇུས་བརྡ་ཆད་ཀྱི་གོ་དོན་མི་རྟོགས་པ་དང་། ལས་སྒྲུབ་བརྒྱུད་རིམ་གསལ་པོ་མི་ཤེས་པ། ངོ་སྤྲོད་ཡི་གེ་ཞིག་གི་ཆེད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་པ”སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ད་ལྟ་སྤེལ་བཞིན་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》ལ་གཞིགས་ནས། གོ་བདེ་ཤེས་སླའི་སྐད་ཆ་དང་བཀོད་སྤྱོད་བརྒྱུད་རིམ་གསལ་པོར་བརྟེན་ནས་སྲིད་དོན་ཞབས་ཞུ་དེ་བས་བློ་ལ་འཐད་པ་དང་། དེ་བས་སྟབས་བདེ་བ། དེ་བས་ཕན་འབྲས་ལྡན་པ་བཅས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལག་དེབ་དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་ཞབས་ཞུའི་སྐར་ཁུང་དང་། མྱུར་སྐྱེལ་ས་ཚིགས། མངགས་སྐྱེལ་བའི་ངལ་གསོ་རྒྱག་ས་སོགས་ནས་རིན་པ་མི་དགོས་པར་ལེན་ཆོག་པ་དང་། དུས་མཚུངས་སུ“བོད་ལྗོངས་མི་སྤྱི”ཞེས་པའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ནས་གློག་རྡུལ་པར་གཞི་ལྟ་ཆོག་པས། དམངས་ཕན་ཞབས་ཞུ་ཀུན་ལ་ཁྱབ་པ་དང་ཁུག་གསང་སྟོང་གསུམ་མ་ལུས་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།