དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་དངོས་ཟོག་མཁོ་སྤྲོད་འགན་ལེན་ནས་ཕྱོགས་གཉིས་སུ་འཁོར་རྒྱུག་བྱེད་པའི་བར།

    གཡུ་འབྲུག་སྔོན་མོ་ས་མཐོའི་ཕང་བར་རྒྱུག དུས་བཞི་དབྱེར་མེད་ཟོག་འདྲེན་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-23

    འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ནས་དངོས་ཟོག་བྱུར་བུར་བླུགས་པའི་མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་མེ་འཁོར་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་སྐྱོད་བཞིན་པ།

    ལེ་ཚན་གཏོད་པའི་གཏམ།

    ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་རེད་ལ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཀྱང་རེད།

    ལོ་ཉི་ཤུ་ཡི་གོང་དུ། མཚོ་བོད་ལྕགས་ལམ་འཛམ་གླིང་ཡང་རྩེར་ཤར་གཏོང་ཐུབ་ནས“ལྕགས་ལམ་ནམ་ཡང་ལྷ་སར་ཤར་གཏོང་ཐུབ་མི་སྲིད”ཅེས་ཚིག་ཐག་བཅད་ནས་བཤད་པའི་སྐད་ཆ་རྦད་དེ་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་ཞིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་བཏོད་པའི་འཛམ་གླིང་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་པ་དང་། མིའི་རིགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་མཛད་རྗེས་རྡོ་རིང་ཞིག་ཏུ་གྱུར་ཡོད།

    དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“བགྲང་བྱ་ཉི་ཤུ་ཡི་མཁའ་ལམ། འབྱུང་འགྱུར་ཕྱོགས་སུ་མཆོང་སྐྱོད་བྱེད”ཅེས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་རིམ་སྤེལ་འཕྲིན་སྤེལ་ཆེ་གྲས་སྤེལ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་ལྕགས་ལམ་དང་འགྲོགས་ནས་ས་མཐོའི་འཕེལ་རྒྱས་ཀྱི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། སྐྱེ་ཁམས་ཀྱི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་ལ་མཉམ་དུ་དགྱེས་གཟིགས་ཡོད་པ་ཞུ།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཡོད།

    ལོ་20སོང་རྗེས“མཁའ་ལམ”འདིས་ལན་འདི་འདྲ་ཞིག་བཏབ་པ་སྟེ། 2026ལོའི་ཟླ་4ཚེས་13ཉིན་བར་རིམ་རྩིས་བརྒྱབ་ན་བོད་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་དུང་ཕྱུར་1ཟིན་པ་དེ་རེད།

    རྒྱལ་ཡོངས་ལྕགས་ལམ་གྱིས་ལོར་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་40ལྷག་ཙམ་ཟིན་པའི་ངོས་ནས་བལྟས་ཚེ། གྲངས་གཞི་དེ་འབོར་ཆེན་པོ་ཞིག་གཏན་ནས་མིན་མོད། འོན་ཀྱང་འཛམ་གླིང་ཡོངས་ཀྱི་ས་བབ་མཐོ་ཤོས་དང་ཁོར་ཡུག་དཀའ་ཚེགས་ཆེ་ཤོས་ཀྱི་ལྕགས་ལམ་དེའི་ཐོག“མེད་པ་ནས་ཡོད་པ”དང“ཀླད་ཀོར་ནས་དུང་ཕྱུར”བར་གྱི་མཆོང་སྐྱོད་བྱུང་ཡོད།

    ཟོག་འབོར་གྱི་འགྱུར་ལྡོག

    “སྤྱོད་གོ་ཆོད་པ”ནས“གང་འདོད་ལྟར་འདེམས་རྒྱུ་ཡོད་པའི”བར།

    ཉིན་དགུང་གི་དུས་སུ་ལྷ་ས་འབབ་ཚུགས་ནུབ་མའི་ལྕགས་ལམ་ཟོག་འདྲེན་ར་བར་ཉི་འོད་རབ་ཏུ་འཚེར་ནས་མིག་ཀྱང་གདང་དཀའ་བར་གྱུར།

    ཚུགས་སྟེགས་སུ་དབྲག་འཁོར་གྱི་སྒྲ་ཝང་ཝང་དུ་གྲགས་པ་དང་། འདོན་འཇུག་བཟོ་པས་དངོས་ཟོག་གྲལ་སྟར་འགྲིག་པོས་འཇོག་པ། ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་བཟོ་པ་ཚོའི་དཔྲལ་བའི་སྟེང་གི་རྔུལ་ཆུར་ཉི་ཟེར་ཕོག་ནས་འོད་ཆེམ་ཆེམ་དུ་འཚེར་བཞིན་མཆིས། སྒོ་འགྲམ་ནས་ཟོག་འདྲེན་རླངས་འཁོར་བཅུ་ཕྲག་ཁ་ཤས་བང་བསྒྲིགས་ནས་འཛུལ་བཞིན་ཡོད་པ་དང་། ཟོག་རར་དོས་སྒམ་ཡར་བླུགས་མར་འབེབས་ཀྱི་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས།

    ཧྥེང་རུའེ་ཏུང་དེ་གར་ལས་ཀ་བྱས་ནས་ལོ་18སོང་བ་དང་། ད་ཆ་མཚོ་བོད་ལྕགས་ལམ་ཟོག་འགྲུལ་ལྟེ་གནས་ལྷ་ས་ལྕགས་ལམ་ཟོག་འགྲུལ་ལས་གཉེར་པུའི་ཅིང་ལི་གཞོན་པའི་འགན་འཁུར་བཞིན་ཡོད།

    ཁོང་གིས། རང་ཉིད་ཐོག་མར་དེ་གར་སླེབས་དུས་ཉེ་འཁོར་ཚང་མ་ཞིང་ཁ་རེད་འདུག ཟོག་རའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་32དང་འདོན་འཇུག་བྱེད་ས་4ལས་མེད་པའི་ཁར་སྒྲིག་བཀོད་ཀྱང་ཐབས་ཆག་ཡིན་པས། གཞི་རྩའི་དངོས་ཟོག་སིལ་མ་འདོན་འཇུག་བྱེད་པའི་དགོས་མཁོ་མ་གཏོགས་སྐོང་ཐུབ་ཀྱི་མེད། དབོར་ཡོང་བའི་དངོས་ཟོག་གཙོ་བོ་ནི་ངར་ལྕགས་རྒྱུ་ཆ་དང་། ཨར་འདམ། ལྕགས་མདོང་སོགས་རེད། སྐབས་དེ་དུས། ཉིན་གཉིས་གསུམ་རིང་ལ་མེ་འཁོར་ཐེངས་གཅིག་ལས་འབྱོར་གྱི་མེད་པས་ལྕགས་ལམ་གྱི་ལས་འགན་ནི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་རེད་ཅེས་དྲན་གསོ་བྱེད་བཞིན་བརྗོད།

    ད་ཆ། དོས་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་67བར་ཆེ་རུ་ཕྱིན་པ་དང་འདོན་འཇུག་བྱེད་ས་11བར་མང་དུ་ཕྱིན་ནས་སྐྱེལ་འདྲེན་དང་། མཛོད་ཉར། སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཟོག་འགྲེམས་གླིང་དུ་གྱུར་ཞིང་། ལོར་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་32.9ནས་ཏུན་ཁྲི་642.9བར་འཕར་ཡོད།

    ཚོང་ཟོག་གི་གྲངས་འབོར་དང་སྣ་ཁ་མང་དུ་ཕྱིན་པས་མི་སེར་ཚོས་དངོས་ཟོག་གང་འདོད་ལྟར་འདེམས་རྒྱུ་ཡོད།

    ལྷ་ས་འབབ་ཚུགས་ནུབ་མའི་ལྕགས་ལམ་ཟོག་འདྲེན་དོས་ཁང་གི་ཟོག་འདྲེན་ལས་རེས་པ་འཕྲིན་ལས་བསོད་ནམས་ཀྱིས། ག་དུས་ནས་འགོ་བཙུགས་མིན་གསལ་པོ་ཤོད་རྒྱུ་མིན་འདུག གང་ལྟར་འབབ་ཚུགས་སྟེགས་བུའི་ཐོག་གི་ཨར་འདམ་དང་ངར་ལྕགས་རྒྱུ་ཆའི་ཁྲོད་སོ་ཕག་དཀར་རྩི་མ་དང་གྱང་རས་སོགས་ཐོན་པ་མ་ཟད་བཟའ་བཅའ་དང་ཁྱིམ་སྤྱོད་གློག་ཆས་ཀྱང་ཐོན་པ་དང་། དེའི་རྗེས་སུ་རླངས་འཁོར་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་ངང་འབྱོར་སོང་ཞེས་བརྗོད།

    ཚོང་ཟོག་མང་དུ་འགྲོ་དོན་ནི་དགོས་མཁོ་མང་དུ་ཕྱིན་པས་རེད་ལ། དགོས་མཁོ་མང་དུ་འགྲོ་དོན་ནི་ས་མཐོར་འཕེལ་རྒྱས་ཕྱིན་པས་རེད།

    གནས་བབ་ཀྱི་འགྱུར་ལྡོག

    “ཕྱོགས་རྐྱང་གཞན་སྐུལ”ནས“ཕྱོགས་གཉིས་འཁོར་རྒྱུག”བར།

    ནག་ཆུ་ལྕགས་ལམ་ཟོག་འདྲེན་དོས་ཁང་ནི་མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་ཀྱི་ཟོག་འདྲེན་དོས་ཁང་ཞིག་ཡིན་ཞིང་། དེར་ས་བབ་སྨི་4500ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་283.26ཟིན་གྱི་ཡོད།

    ནག་ཆུ་ལྕགས་ལམ་ཟོག་འདྲེན་དོས་ཁང་འདོན་འཇུག་རུ་ཁག་གི་རུ་དཔོན་ཚེ་དབང་གིས་ང་ཚོ་ལྟ་སྐོར་ལ་ཁྲིད་དེ། ལྷུ་ལག་ཐུམ་སྒྲིལ་ཁུལ་དང་། དོས་སྒམ་ཁུལ། དངོས་ཟོག་ལྕི་རིགས་འཇོག་ཁུལ་བཅས་རེ་རེ་བཞིན་མཛུབ་མོས་རི་སྟོན་ལྟར་ངོ་སྤྲོད་བྱས་བྱུང་ལ། ས་ཁོངས་ཚང་མའི་བྱེད་ནུས་ཀྱང་ཁ་གསལ་གཏིང་གསལ་ཤེས་ཀྱི་འདུག

    ལྟ་སྐོར་བྱས་རྗེས་ཁོང་གིས“ད་ཆ་འགྱུར་ལྡོག་ཆེ་ཤོས་ནི་བོད་ནས་ཕྱིར་བཏང་བའི་ཚོང་ཟོག་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད”ཅེས་བརྗོད།

    2006ལོར་བོད་ནས་ཕྱིར་བཏང་བའི་དངོས་ཟོག་ཏུན་ཁྲི་2.1ལས་ཟིན་གྱི་མེད། 2025ལོར་གྲངས་གཞི་དེ་ཏུན་ཁྲི་140.5ཟིན་པ་དང་ལོར་ཆ་སྙོམས་འཕར་ཚད་24.8%ཟིན་ནས་བོད་དུ་འདྲེན་ཚད་ལས་ཤུགས་ཆེན་བརྒལ་ཡོད།

    བོད་ལྗོངས་ནི་དངོས་རྫས་ནང་འདྲེན་བྱེད་ས་ཁོ་ན་མིན་པར། དེས་རྒྱལ་ཡོངས་ལ་རང་སོ་སོའི་དངོས་རྫས་སྤུས་ལེགས་ཕྱིར་གཏོང་བྱེད་འགོ་བརྩམས་ཡོད།

    མཱ་མུའུ་ས་ནག་ཆུར་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ་ནས་ལོ་15སོང་ཡོད་ཅིང་། ཉེ་དུས་ཁོང་གིས་འབྲི་རུ་རྫོང་དུ་དབྱར་རྩྭ་དགུན་འབུ་སོས་པ་ཉོ་བར་བྲེལ་བཞིན་ཡོད། ཁོང་གིས“ལོ་ལྟར་ལྕགས་ལམ་བརྒྱུད་དབྱར་རྩྭ་དགུན་འབུ་དང་ཨ་བི་ཁ་ཏུན་10ནས་15བར་ཕྱིར་གཏོང་བྱེད་ཀྱི་ཡོད། དབྱར་རྩྭ་དགུན་འབུ་ཨན་ཧུའེ་ཧའོ་ཀྲོའུ་རུ་སྐྱེལ་བ་དང་ཨ་བི་ཁ་མཚོ་སྔོན་ཟི་ལིང་དུ་སྐྱེལ་བར་འགོར་ཤོས་ལའང་ཉིན་གསུམ་ནང་སླེབས་ཀྱི་ཡོད། དབོར་གླ་མཐོ་པོ་མེད་ལ། ད་དུང་བདེ་འཇགས་ཀྱང་ཡོད”ཅེས་བརྗོད།

    “ཉེ་བའི་ལོ་ཤས་རིང་། དོས་ཁང་དུ་སྦི་རག་དང་གཏེར་ཆུའི་ཤེལ་དམ་མང་པོ་ཐོན་པ་ཚང་མ་གསར་དུ་ཐོན་པའི་ས་གནས་དེ་གའི་ཁེ་ལས་ཀྱིས་མངགས་ཉོ་བྱས་པ་ཤ་སྟག་རེད། ཤེལ་དམ་སྟོང་པ་དེ་དག་ནང་ཐོན་རྫས་བླུགས་རྗེས་ཁག་གཅིག་ལྗོངས་ནང་ཁུལ་དུ་འཚོང་བ་དང་། ཁག་གཅིག་ལྗོངས་ཕྱིར་གཏོང་གི་ཡོད”ཅེས་འཕྲིན་ལས་བསོད་ནམས་ཀྱིས་བརྗོད།

    ས་མཐོའི་ཆུ་བཟང་དང་། དབྱར་རྩྭ་དགུན་འབུ། ཨ་བི་ཁ་སོགས་དངོས་ཟོག་ཏུན་རེ་རེ་བོད་ནས་ཕྱིར་བཏང་བ་དང་། ཐོན་ལས་འཕེལ་རྒྱས་བྱུང་བས་འབྱུང་འགྱུར་རེ་བས་ཁེངས་ཡོད།

    ལས་རྣམ་གྱི་འགྱུར་ལྡོག

    “མཐའ་སྣེ”ནས“ལྟེ་གནས”བར།

    སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡོལ་ཙམ་ལ། གོར་མོའི་ཟོག་འདྲེན་དོས་ཁང་དུ་ངར་ལྕགས་རྒྱུ་ཆ་བྱུར་བུར་བླུགས་པའི་དོས་སྐྱེལ་རླངས་འཁོར་བཅུ་གྲངས་གྲལ་འགྲིག་པོར་བསྡད་ཡོད། འདོན་འཇུག་ཁ་ལོ་བ་ཞུའེ་ཡུང་ཅུན་གྱི་བཀོད་འདོམས་འོག་ལྗིད་འདེགས་འཕྲུལ་འཁོར་དལ་གྱིས་བསྒུལ་ཏེ་དོས་སྒམ་གཞོགས་གཅིག་ལ་གྲལ་འགྲིག་པོར་བཞག དོས་ཁང་ཡོངས་གཙང་ཞིང་གྲལ་འགྲིག་ལ་གོ་རིམ་ལྡན་པའི་ངང་ལས་ཀ་སྒྲུབ་བཞིན་ཡོད།

    ད་ཆ་དོས་སྒམ་སྐྱེལ་འདྲེན་ཁྱབ་གདལ་ཕྱིན་ཡོད་ལ། ལུང་མོན་ལྗིད་འདེགས་འཕྲུལ་འཁོར་ལའང་བྱང་སྐར་སྤུན་བདུན་གྱི་གནས་གཏན་འཁེལ་དང་རིག་ནུས་དབྱེ་འབྱེད་ཀྱི་འཕྲུལ་ཆས་བསྒར་ཡོད་པས། སྒམ་རྟགས་དང་ལྗིད་ཚད་རང་འགུལ་ངང་ཀློག་ལེན་ཐུབ་ཀྱི་ཡོད།

    “ལས་ཡུན་ཡང་ཉིན་གཅིག་ནས་སྐར་མ་ཁ་ཤས་བར་ཐུང་དུ་ཕྱིན་ཡོད”

    མིག་སྔར་མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་མེ་འཁོར་འབབ་ཚུགས་58བར་མང་དུ་ཕྱིན་པ་དང་། མེ་འཁོར་གྱི་འདྲུད་འཐེན་སྤུས་ཚད་ཏུན་2880བར་མཐོ་རུ་ཕྱིན་ཡོད་ལ། འགྲུལ་སྐྱེལ་མེ་འཁོར་གྱི་གྲངས་འབོར་ཡང་ཆ་17བར་བརྟན་དུ་ཕྱིན་ཡོད།

    ལྗོངས་ནང་ཁུལ་དུ་ཟོག་འདྲེན་ལས་སྒོ་གཉེར་མཁན་མེ་འཁོར་འབབ་ཚུགས་8བར་མང་དུ་ཕྱིན་པ་དང་། ལྕགས་ལམ་གཉེར་སྐྱོང་ལམ་ཐག་སྤྱི་ལེ་1000ལས་བརྒལ་ཞིང་། ཟོག་འགྲེམས་དྲ་བ་ས་མཐོའི་དབུས་ཁུལ་བར་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད།

    རིམ་སྤོར་དེ་དག་ཚང་མ་དམིགས་ཚད་གཅིག་ལ་ཕྱོགས་པ་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། ས་མཐོའི་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་རེད།

    2006ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་290.05ཟིན་པ་དང་། 2025ལོར་སྒོར་དུང་ཕྱུར་3000ལས་བརྒལ་ཡོད།

    ལོ་20ཡི་རིང་ཏུན་དུང་ཕྱུར་1ཟིན་ཞིང་། དེ་ནི་འདྲེན་ཚད་ཁོ་ན་མ་ཡིན་པར། མི་རེ་རེ་དང་། དུད་ཚང་རེ་རེ། ཡུལ་དེ་གའི་ཁེ་ལས་རེ་རེ། གྲོང་ཁྱེར་དང་གྲོང་རྡལ་འཕོ་འགྱུར་གྱི་ལོ་རྒྱུས་རེ་རེ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།