ཟླ་5པར་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་གཏོང་ཡོང་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.5ཟིན་པ།
དུས་མཚུངས་ལས་22%འཕར་བ།
ཉེ་ཆར་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཟླ་ལྔ་པའི་དངུལ་ཁང་གི་ཕྱི་དངུལ་འཛའ་བཅད་ཚོང་སྒྱུར་དང་དངུལ་ཁང་གིས་ངོ་ཚབ་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བའི་དངུལ་སྤྲོད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་5པར་དངུལ་ཁང་གིས་ཕྱི་དངུལ་རྩིས་རྒྱག་ཚད་ཨ་སྒོར་དུང་ཕྱུར་2439དང་། ཕྱི་དངུལ་ཚོང་སྒྱུར་བྱེད་ཚད་ཨ་སྒོར་དུང་ཕྱུར་2081 དངུལ་ཁང་གིས་ངོ་ཚབ་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བའི་ཡོང་འབབ་ཨ་སྒོར་དུང་ཕྱུར་7738བཅས་ཟིན་ཡོད་པ་དང་། ཕྱི་ཕྱོགས་ལ་ཨ་སྒོར་དུང་ཕྱུར་7112སྤྲད་ཡོད།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ལི་པིན་གྱིས་བརྗོད་དོན། ཟླ་5པ་ནས་བཟུང་། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་འཕར་ཆག་ལེགས་སྒྲིག་གི་རྣམ་པ་རྒྱུན་མཐུད་བྱུང་ཞིང་། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་བར། གཙོ་བོ་ཁྱད་ཆོས་གསུམ་མངོན་ཡོད་པ་སྟེ།
གཅིག་ནི་ཕྱི་ཕྱོགས་དང་འབྲེལ་བའི་ཉོ་ཚོང་འཁྲུག་པོ་ཡོད་ཅིང་། ཟླ་5པར་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་གཏོང་ཡོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.5ཟིན་པ་དེ་དུས་མཚུངས་ལས་22%འཕར་བ་དང་། ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.4ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་གཅིག་མཚུངས་ཡིན་པ་རེད།
གཉིས་ནི་རྒྱལ་སྒྲོལ་མ་དངུལ་གཏོང་ཡོང་གི་ཧེ་བག་སྤྱིར་ན་བརྟན་པོ་ཡོད་ཅིང་། ཟླ་5པར་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་མ་དངུལ་གཏོང་ཡོང་གི་ཧེ་བག་ཨ་སྒོར་དུང་ཕྱུར་625ཟིན་ནས་ཟླ་གོང་མ་ལས་1%འཕར་ཡོད་པ་རེད།
གསུམ་ནི་ཕྱི་དངུལ་ཁྲོམ་རའི་སྔོན་དཔག་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་5པར་ཁེ་ལས་སོགས་ཕྱི་དངུལ་ཡོང་འབབ་རྩིས་རྒྱག་ཚད་དང་ཕྱི་དངུལ་གཏོང་སྒོ་བརྗེས་འགྲུལ་བྱེད་ཚད་ཟླ་གོང་མ་དང་བསྡུར་ན་སྤྱིར་ན་གཅིག་མཚུངས་ཡིན་པ་དང་། ལས་རིགས་ཁག་གི་བྱེད་པོའི་ཕྱི་དངུལ་རྩིས་རྒྱག་དང་ཕྱི་དངུལ་བརྗེས་འགྲུལ་གྱི་འདོད་བློ་བརྟན་ལ། འབྲེལ་ཡོད་ཉོ་ཚོང་ཡང་གཙོ་བོ་དགོས་མཁོ་དངོས་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།