རྒྱལ་ཡོངས་ས་གནས་ཁག་ཏུ“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་བ།
དམངས་སྲོལ་ངོ་མཚར་མྱོང་རོལ་བྱས་ནས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཟབ་ཏུ་བཏང་བ།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་སྲོལ་རྒྱུན་དུས་ཆེན་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཟླ་6ཚེས་19ཉིན་ཏེ། ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའི་ཤེས་དཔལ་ལག་ལེན་ཅུས་དང་། དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་སི། རིག་གནས་དང་ཡུལ་སྐོར་པུའི་མངོན་མིན་རིག་གནས་ཤུལ་བཞག་སི། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་པུའུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བླངས་ཞབས་ཞུའི་ལྟེ་གནས་བཅས་ཀྱིས་མཉམ་དུ་2026ལོའི“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་ཞིང་། མི་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་བྱེད་སྒོའི་ཁྲོད་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་ཉམས་སུ་མྱངས་ཡོད།
པེ་ཅིང་དབྱི་ཧོ་ཡོན་སྐྱེད་ཚལ་གྱི་ཀྲི་ཁྲུན་གླིང་ཕྲན་དུ་ལྔ་པའི་ཚེས་ལྔའི་ཁྱད་ལྡན་རིག་གནས་བྱེད་སྒོ་སྤེལ་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོགས་ཤིང་། འཁྲབ་སྟོན་པས་ས་གནས་ས་ཐོག་ཏུ་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་མཛེས་པའི་སྟངས་སྟབས་བསྒྱུར་ནས་ཅིན་ཅུས་ཁྲང་ཞིའི་འཁྲབ་ཚན་ཕུལ་བྱུང་འཁྲབ་པ་དང་། འགྲམ་གྱི་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་འགྲེམས་སྟོན་ཁུལ་དུ་ཚང་མས་རླུང་གཡབ་བཟོ་བ་དང་ཚོན་སྐུད་དཀྲིས་པའི་ཁྲོད་ལྔ་པའི་ཚེས་ལྔའི་རིག་གནས་མྱོང་རོལ་བྱས་ཡོད།
2026ལོར་ཧུའུ་ནན་ཞིང་ཆེན་གྱི་གྲུ་ཤན་འབྲུག་མགོ་མའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་མཐའ་བསྡུར་འགོ་ཚུགས་མཛད་སྒོ་སྨི་ལུའོ་རུ་འཚོགས་ཤིང་། ཧུའུ་ནན་གྱི་གྲོང་ཁྱེར་དང་ཀྲོའུ་14ནས་ཡོང་བའི་གྲུ་ཤན་འབྲུག་མགོ་མའི་རུ་ཁག་ལྷན་གཅིག་ཏུ་འཛོམས་ནས་རྔ་སྒྲའི་ཁྲོད་རླབས་གཤགས་འགྲན་བསྡུར་བྱས་ནས་དམངས་སྲོལ་ལ་བཅངས་པའི་དུང་བ་མཚོན་པར་བྱས་ཡོད།
ཧེ་ལུང་ཅང་ཧར་པིན་གྱི་ཆུ་ལོག་སྔོན་འགོག་དྲན་གསོའི་མཆོད་རྟེན་ཐང་ཆེན་གྱི་མང་ཚོགས་ཀྱི་རིག་གནས་འགྲེམས་སྟོན་བྱ་ཡུལ་དུ་ཚོན་སྐུད་དང་། དངུལ་ཁུག སྒོ་ང་སོས་པ་སོགས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རྟེན་འབྲེལ་དངོས་པོ་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་ཧུའུ་སྨི་ཙི་ཀུའེ་དང་ཧུའུ་ནན་སྨི་ལུའོ་སོགས་ཀྱི་སྙན་ཚིག་ལ་དགའ་མཁན་གྱིས་མཉམ་དུ་ལྔ་པའི་ཚེས་ལྔའི་སྙན་ངག་གྱེར་འདོན་བྱས་པ་རེད།
གཞན་ཡང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ལ་བརྟེན་ནས་ས་གནས་ཁག་གིས་ལོ་སྒྲིལ་འབྲས་ཆན་དང་དྲི་ཞིམ་ཁུག་མ་བཟོ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་མཉམ་འགུལ་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་གུང་གསེང་རིང་འཛད་སྤྱོད་ལ་སྐུལ་སྤེལ་བཏང་ཡོད། ད་དུང་ས་གནས་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་སྟོན་འཁྲབ་སྟོན་དང་། ཞིབ་སྦྱོང་སྤེལ་རེས་ཧུར་ཐག་བྱས་པ་དང་སྦྲགས་དམངས་ཁྲོད་ཀྱི་ལག་ཤེས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གདན་དྲངས་ནས་ལྔ་པའི་ཚེས་ལྔའི་དམངས་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་སོགས་སློབ་ཁྲིད་བྱས་ཏེ། ལྔ་པའི་ཚེས་ལྔའི་རིག་གནས་རྒྱུན་འཛིན་དར་སྤེལ་ཡང་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།