དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བདུན་གཅིག་གཟེངས་རྟགས”ཐོབ་མཁན་སྒྲོལ་དཀར།

    སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-06-22

    ཞོགས་པར་ལུང་ཤུར་དབུས་ཀྱི་སྨུག་སྤྲིན་མ་སངས་གོང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་རྣམས་མལ་ལས་ལངས་ཏེ་ལས་ལ་བརྩོན་བཞིན་ཡོད་པ་རེད།

    ལོ་65ལ་སླེབས་པའི་ཡུལ་སྨད་གྲོང་ཚོའི་ཞིང་པ་སྒྲོལ་དཀར་གྱིས་འཇུར་རྟ་ཡུ་རིང་ཞིག་གྱོན་ཏེ་ནོར་ཁྱུ་དེད་ནས་མཐའ་མཚམས་ལ་སྐོར་ཞིབ་བྱེད་པར་བསྐྱོད། ཁོང་ལོ་བཅུ་བདུན་བཅོ་བརྒྱད་ནས་ད་བར་ལམ་དེར་བསྐྱོད་བཞིན་ཡོད་པ་རེད།

    2021ལོར། སྒྲོལ་དཀར་ལ“བདུན་གཅིག་གཟེངས་རྟགས”ཐོབ། ལྗིད་ཏིག་ཏིག་གི་བྱས་རྗེས་གཟེངས་རྟགས་དེ་ལས་ཁོང་མཐའ་མཚམས་སྐོར་ཞིབ་ཀྱི་ལམ་དེར་ལྷག་ཏུ་གུས་སྐྲག་དང་སྤྲོ་སྣང་ལྡན་པར་གྱུར། ཁོང་གིས་སྔར་རྒྱུན་བཞིན་ཉིན་ལྟར་ནོར་ཁྱུ་དེད་དེ་ཨ་ཕ་དང་རང་ཉིད། གཅུང་མོ་གཡང་འཛོམས་བཅས་ཀྱིས་བསྐྱོད་མྱོང་བའི་ལམ་དེ་བརྒྱུད་ནས་མུ་མཐུད་སྐོར་ཞིབ་བྱེད་ཀྱི་ཡོད། ཁོང་གིས་བལྟས་ན། ཕྱུགས་འཚོ་ཞོར་སྐོར་ཞིབ་བྱེད་པ་ནི་ལས་སླ་པོ་ཞིག་མིན་པར་དེ་ནི་རིབ་ལ་ནས་བབས་པའི་གངས་ཆུ་དང་འདྲ་བར་ལོ་ངོ་སྟོང་གི་ཆུ་ལམ་བརྒྱུད་ལུང་གཞུང་དུ་རང་བཞིན་ངང་འབབ་པ་ཞིག་རེད།

    གྲོང་ཚོ་ནས་ཐོན་སའི་ལམ་གསར་པ་དེ་ནི་ངོས་སྙོམས་ཤིང་གཞོགས་གཉིས་སུ་བོད་བཟོའི་སྡོད་ཁང་གསར་པ་བརྒྱབ་ཡོད་པ་དང་། དུད་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཞོགས་པ་སྔ་པོ་ནས་ལངས་ཟིན་པའི་ཡུལ་མི་ཚོས་ཁོང་ལ་འཚམས་འདྲི་ཞུས་ཤིང་སྒྲོལ་དཀར་གྱིས་ཀྱང་མགོ་ལྕོག་ལྕོག་བྱེད་བཞིན་མུ་མཐུད་ནོར་ཁྱུ་དེད་དེ་བསྐྱོད།

    སྔོན་ཆད་ས་ཆ་དེར་ཁོང་གི་ཨ་ཕ་སངས་རྒྱས་ཆོས་པ་དང་། སྒྲོལ་དཀར། གཡང་འཛོམས་བཅས་མི་གསུམ་ལས་མེད་པས་སྐབས་ཤིག་རིང“མི་གསུམ་ཤང”ཞེས་བརྗོད་ཀྱི་ཡོད། ལོ་ན་ཕྲ་བའི་སྒྲོལ་དཀར་གྱིས“ང་ཚོ་ཡུལ་མི་གཞན་དང་འདྲ་བར་ཡུལ་གཞན་དུ་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་པར་ཨ་ཕས་བསམ་བློ་ཡུན་ཙམ་བཏང་རྗེས“གལ་སྲིད་ང་ཚོ་ཕྱིན་ཚེ་རྒྱལ་ཁབ་ཀྱི་ས་ཆ་འདིར་སྡོད་མཁན་མེད”ཅེས་བརྗོད།

    སྐད་ཆ་དེ་སྒྲོལ་དཀར་གྱིས་མི་ཚེ་གང་པོར་སེམས་ལ་བཟུང་།

    ཁྱིམ་གཞིས་སྲུང་སྐྱོང་བྱ་ཆེད། ཨ་ཕས་རས་དམར་པོ་ཞིག་ལ་འཚེམ་བུ་བརྒྱབ་ནས་སྐར་ལྔའི་དར་དམར་ཞིག་བཟོས། སྒྲོལ་དཀར་གྱི་དྲན་ཤེས་ནང་དར་དམར་དེ“དཔྱིད་ཀ་ཡུལ་སྨད་ཀྱི་རི་ཀླུང་ཀུན་ཏུ་བཞད་པའི་སྟག་མ་མེ་ཏོག་ལས་ཀྱང་བཀྲག་མདངས་ཆེ་བ”ཞིག་ཡོད། དུས་དེ་ནས་བཟུང་ཕྱུགས་འཚོ་བཞིན་མཐའ་མཚམས་སུ་སྐོར་ཞིབ་དང་རྒྱལ་དར་སྒྲེང་བ་དེ་ཁོང་མི་རབས་གཉིས་ཀྱི་རྒྱུན་གཏན་གྱི་ལས་ཀར་གྱུར།

    ཨ་ཕ་གྲོངས་རྗེས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་མཐའ་སྲུང་གི་འགན་འཁྲི་མུ་མཐུད་འཁུར་བས་དེ་གའི་མཐའ་སྲུང་བར་གྱུར་ནས་ད་བར་ལོ་བཅུ་ཕྲག་སོང་ཡོད། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་ཚིག་དེ་ཁྱིམ་ཚང་དེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས།

    ཡུལ་སྨད་ཀྱི་འགྱུར་ལྡོག་རེ་རེར་སྒྲོལ་དཀར་གྱིས་དཔང་པོ་བྱེད་ཐུབ།

    ད་ཆ་ཡུལ་སྨད་དུ་དུད་ཚང་མང་པོ་ཡོད་ལ། ཡུལ་མི་200ལྷག་ཙམ་དེ་གར་གཞིས་ཆགས་པའི་ཁྲོད་མི་མི་ཉུང་བ་ཞིག་ཤང་དང་གྲོང་རྡལ་གཞན་ནས་སྤོས་ཡོང་བ་རེད། དུད་ཚང་ཚང་མར་དྭངས་ཤིང་གཙང་བའི་ཆུ་ཀ་ལ་དང་ནུས་རྒྱུ་གཙང་མའི་གློག་ཁྲིད་པ་མ་ཟད། ཨར་འདམ་ལམ་ཡང་བཟོས་ཡོད་པས་སྔོན་ཆད་གངས་ཆེན་པོ་བབས་ནས་ཕྱི་རོལ་ཡུལ་དང་ཕན་ཚུན་འགྲོ་འོང་མི་ཐུབ་པའི་གནས་ཚུལ་ད་ལྟ་གཏན་ནས་མཐོང་རྒྱུ་མེད། 2025ལོར། ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.9ལྷག་ཙམ་ཟིན་ཡོད།

    དེས་མ་ཚད། ལོ་འདི་དག་རིང་། ཡུལ་སྨད་ཤང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་གསར་བརྗེའི་མཐའ་སྲུང་བྱས་རྗེས་སྤྲིན་གྱིས་ལ་ཐོད་དཀྲིས་པའི་རི་བོ་མཐོན་པོ་དང་། གཡང་གཟར་བྲག་ནས་འབབ་པའི་རྦབ་ཆུ། གདོད་མའི་ནགས་ཚལ། རྩྭ་ཐང་དང་འབྲོག་ར་སོགས་གདོད་མའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་མཉམ་དུ་སྦྲེལ་བས། ཡུལ་སྐོར་བ་མང་པོ་བསླེབས་པ་མ་ཟད། དམངས་སྲོལ་གནས་ཚང་གཉེར་ཐུབ་ནས་རི་ཁུལ་གྱི་ཞིང་ལས་ཐོན་རྫས་ཕྱིར་བཙོང་ཐུབ་ཡོད།

    དེ་དང་ཆབས་ཅིག སྒྲོལ་དཀར་གྱི་ལུས་ཐོག་ནས་མངོན་པའི་བརྟན་སྲུང་གི་སྟོབས་ཤུགས་དེ་ལས་མི་དེ་བས་མང་པོར་ཤུགས་རྐྱེན་དང་སེམས་འགུལ་ཐེབས་ཡོད།

    ན་ནིང་། ཉིས་སྟོང་ནང་སྐྱེས་ཀྱི་དབྱང་ཏན་ཏན་ཡུལ་སྨད་དུ་བསླེབས་ཤིང་། ཁོང་དེ་གར་ཡོང་དོན་ནི་སློབ་འབྲིང་འགྲིམ་སྐབས་སྒྲོལ་དཀར་དང་འབྲེལ་བའི་གཏམ་རྒྱུད་བཀླགས་མྱོང་བས་རེད། སློབ་ཆེན་ཐོན་རྗེས་ཁོང་ཡུལ་སྨད་ཤང་སློབ་ཆུང་གི་དགེ་རྒན་ཞིག་ཏུ་གྱུར།

    ད་ཆ་ཤང་གི་གསར་བརྗེའི་འགྲེམས་ཁང་དུ་ན་གཞོན་ལས་བྱེད་པའི་འགྲེལ་བཤད་རུ་ཁག་ཅིག་གིས“མི་གསུམ་ཤང”གི་གཏམ་རྒྱུད་ལ་འགྲེལ་བཤད་རྒྱག་བཞིན་ཡོད། “སངས་རྒྱས་ཆོས་པའི་མཐའ་སྲུང་ལམ་དུ་སླར་ཡང་སྐྱོད”དང་། ཏང་དར་ལ་ཕྱོགས་ནས་དམ་བཅའ་འཇོག རྒྱལ་དར་སྒྲེང་པ་དང་རྒྱལ་གླུ་ལེན་པ་བཅས་ཡུལ་སྨད་ཀྱི་ལས་བྱེད་མང་ཚོགས་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཆ་ཤས་སུ་གྱུར་ཡོད།

    “ང་ནི་ཏང་ཡོན་ཞིག་ཡིན་པས་ངས་ཡུལ་སྨད་ཀྱི་གཏམ་རྒྱུད་མུ་མཐུད་ཡག་པོ་བཤད་དེ། རྒྱལ་གཅེས་མཐའ་སྲུང་གི་སྲོལ་རྒྱུན་སྔར་བས་དར་སྤེལ་བཏང་ནས་འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་པར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་པ་ནི་སྒྲོལ་དཀར་གྱི་དམ་བཅའ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།