སྦྲག་སྲིད་ཀྱིས་ལས་མཚམས་མི་འཇོག་པར་ཚོང་དུད་ལ་ཞབས་འདེགས་ཞུ་བ།
དབྱར་རྩྭ་དགུན་འབུ་རྐོ་རིང་ནག་ཆུ་གྲོང་ཁྱེར་གྱིས་སྦྲག་གླ་ཆག་ཡང་དང་རྩ་ཆག་བཏང་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།
ད་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་བོད་བྱང་ཐང་གི་ས་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་དབྱར་རྩྭ་དགུན་འབུའི་ཕྱིར་ཚོང་གི་དཀའ་གནད་ལ་དམིགས་ཏེ། བསྐུར་སྐྱེལ་ཞབས་ཞུར་ཤུགས་སྣོན་རྒྱག་པ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས“སྲིད་གཞུང་གིས་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཁེ་ལས་ཀྱིས་རམ་འདེགས་བྱེད་པའི”དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་སྟངས་ཧུར་ཐག་བཏོད་དེ། ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་དང་འཁོར་རྒྱུག་གི་ཐབས་ལམ་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱས་ནས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་18ཉིན་ནས་བཟུང་། ནག་ཆུས་རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་ཁྲི་100བཏང་བ་དང་། སྦྲག་སྲིད་དང་། ཧྲུན་ཧྥུང་། ཅིང་ཏུང་སོགས་བསྐུར་སྐྱེལ་ཁེ་ལས་ཀྱིས་ཆེད་གཏོགས་ཀྱི་བསྐུར་སྐྱེལ་ལམ་བུ་བཏོད་པ་དང་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་ནས་ས་མཐོའི་དབྱར་རྩྭ་དགུན་འབུ་སོས་པ་རྒྱལ་ཡོངས་སུ་བྲིན་ཚོང་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད། ཟླ་6ཚེས་16ཉིན་བར་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་དབྱར་རྩྭ་དགུན་འབུ་སོས་པ་བསྐུར་སྐྱེལ་ཐེངས་ཁྲི་1.95བྱས་པར་རྐང་ཁྲི་110.6ཟིན་ནས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་6069ཟིན་པ་རེད།
ད་ལོ་དབྱར་རྩྭ་དགུན་འབུ་སོས་པ་སྐུར་སྐྱེལ་མང་བའི་དུས་སུ་ནག་ཆུ་གྲོང་ཁྱེར་ཚོང་དོན་ཅུས་དང་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་སྤྱི་འདོམས་མཛུབ་ཁྲིད་འོག ནག་ཆུ་སྦྲག་སྲིད་ཁེ་ལས་ཀྱིས་འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་བཅས་གསུམ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བཞིན་ཚོང་དུད་ཀྱི་བསྐུར་སྐྱེལ་དགོས་མཁོར་གནད་སྨིན་སྦྲེལ་མཐུད་བྱས་ཏེ། སྐབས་དང་བསྟུན་ནས་དབྱར་རྩྭ་དགུན་འབུའི་ཆེད་དོན་བསྐུར་སྐྱེལ་ཞབས་ཞུའི་ཇུས་གཞི་བཟོས་ཏེ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲུལ་སྐྱེལ་འདྲེན་ལ་འགན་ལེན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།
ཀྲུང་གོ་སྦྲག་སྲིད་སོག་རྫོང་ཡན་ལག་ཀུང་སིས་རྫོང་དེའི་དབྱར་རྩྭ་དགུན་འབུའི་ཁྲོམ་ར་དང་། ཡན་ལག་ཀུང་སིའི་ལས་གཉེར་ས་ཚིགས། རྩྭ་ལའི་ཞབས་ཞུ་ཁུལ་བཅས་སུ་ཞབས་ཞུའི་ས་ཚིགས་གསུམ་བཙུགས་ཡོད་པ་དང་། དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་ཆུ་ཚོད་24ཡི་རིང་ཉིན་མཚན་ལྟོས་མེད་ངང“ཚོང་དུད་དང་སྦྲག་སྲིད་ཀྱིས་ཞབས་འདེགས་ཞུ་མཚམས་མི་འཇོག་པའི”ཁས་བརྟན་པོ་བླངས་ཡོད། “མིག་སྔར་དབྱར་རྩྭ་དགུན་འབུ་སོས་པ་སྐུར་སྐྱེལ་བྱེད་ཚད་ན་ནིང་གི་ལོ་ཧྲིལ་པོའི་སྦྲག་བསྐུར་བྱེད་ཚད་ལས་བརྒལ་ཡོད”ཅེས་ཀྲུང་གོ་སྦྲག་སྲིད་སོག་རྫོང་ཡན་ལག་ཀུང་སིའི་འགན་འཁུར་བ་ཚེ་དབང་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཞབས་ཞུ་འགན་ལེན་བྱེད་རིང་། གཞི་རིམ་གྱི་དྲ་ཚིགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལས་རེས་བྱས་ནས་ཞབས་འདེགས་ཞུས་ཏེ་དབྱར་རྩྭ་དགུན་འབུའི་བསྐུར་མ་ལེན་པ་དང་། དབྱེ་བ་འབྱེད་པ། སྐྱེལ་འདྲེན། མངགས་སྐྱེལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཁོར་སྐྱོད་ནུས་ཆེ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།