རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནས་གྲགས་པའི་དགོད་སྒྲ་ལྷང་ལྷང་།
མི་རིང་བའི་གོང་ལྷ་ས་མཐོ་གསར་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་བགྲེས་སོང་འགའ་ཞིག་གིས་པར་བླངས་པའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སྐོར་གྱི་བརྙན་ཐུང་ཞིག་དྲ་རྒྱའི་ཐོག་སྐད་གྲགས་ཆོད་ཡོད་ཅིང་། དེ་ཡང་བབ་ཆགས་པའི་པར་རིས་དང་དགོད་བྲོ་བའི་འཁྲབ་སྟོན་ལ་རྒྱ་ཆེའི་དྲ་གྲོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་ཐོབ་ནས་བརྙན་ཐུང་ལྟ་ཐེངས་ཁྲི་41ཟིན་ཡོད་པ་རེད།
ཉེ་ཆར་གསར་འགོད་པ་ལྷ་ས་མཐོ་གསར་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་འདྲི་རྟོག་ཏུ་བསྐྱོད་པ་ཡིན། སྒོ་རའི་ནང་འཛུལ་མ་ཐག་དྲོ་སོབ་སོབ་དང་དགའ་ལྷང་ལྷང་གི་རྣམ་པས་ཁེངས་ཤིང་། དཀར་ཆ་དོད་ལ་གྲལ་སྟར་འགྲིག་པའི་བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོ་གྲུང་ཤ་དོད་ལ་དགའ་བའི་བཞིན་ལས་འཛུམ་མདངས་འཕྱུར་ཏེ་གང་ས་ནས་བཀྲ་ཤིས་དགའ་སྤྲོའི་རྣམ་པས་ཁེངས།
“ངའི་རེ་སྒུག་ཆེ་ཤོས་ནི་ཉིན་ལྟར་ལྟ་སྐྱོང་ལྟེ་གནས་སུ་ཡོང་རྒྱུ་དེ་ཡིན། ངའི་རྐང་པ་བདེ་པོ་རང་མེད་པས། གལ་ཏེ་ཁྱིམ་དུ་རྦད་དེ་ངལ་གསོ་བརྒྱབ་ནས་བསྡད་ན། ཕྲུ་གུ་ཚོས་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་འདུག འོན་ཀྱང་དེ་གར་གྲོགས་པོ་རྙིང་པ་ཡོད་པ་དང་བྱེད་སྒོ་སྣ་ཚོགས་སྤེལ་གྱི་འདུག ཉིན་ལྟར་སྐྱིད་པོ་དང་ཕུན་སུམ་ཚོགས་པོ་ཞེ་དྲག་འདུག”ཅེས་ད་ལོ་ལོ་86ལ་སླེབས་པ་དང་ཏང་ལོ་40ལྷག་ཙམ་ཟིན་པའི་བགྲེས་སོང་ཚེ་གཡང་གིས་བགྲེས་སོང་ཚོའི་ཐུན་མོང་གི་བསམ་འདུན་གསར་འགོད་པར་བརྗོད།
“འདི་གར་རྟག་ཏུ་ཞབས་འདེགས་ཞུ་ཡུལ་གྱི་རྒན་རྒོན་60ཙམ་ཡོད་པ་དང་། ཁོང་རྣམ་པའི་ལོ་ཚད་ནི་ལོ་64ནས་ལོ་94བར་རེད”ཅེས་ལྟེ་གནས་དེའི་འགན་འཁུར་བ་སྤེན་པས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ང་ཚོས་རྒྱུན་དུ་འཆར་འགོད་བྱས་ནས་རྒན་རྒོན་ཚོར་བརྙན་པར་བླངས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བ་དང་ཡར་བརྩོན་སྤྲོ་སྣང་གི་རྣམ་པ་མངོན་ཐབས་བྱེད་ཀྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་བརྙན་ཐུང་འགའ་ཞིག་དྲ་ཐོག་ཏུ་སྐད་གྲགས་ཆོད་འདུག་ཅེས་བརྗོད།
རྣམ་ཀུན་ལྟ་སྐྱོང་ལྟེ་གནས་སུ་ཡོང་མཁན་བགྲེས་སོང་གཉིས་ལ་མི་མང་པོས་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད་ལ་སྙིང་ཉེ་བའི་སྒོ་ནས“པུའུ་ཀྲང”དང“དམག་མི་རྒན་གྲས”ཞེས་འབོད་ཀྱི་ཡོད། དེའི་ནང་གི“པུའུ་ཀྲང”བློ་བཟང་ཚེ་རིང་ནི་རྒན་ཡོལ་མ་ཞུས་གོང་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་དྲིལ་བསྒྲགས་ལས་ཀ་བྱེད་ཀྱི་ཡོད་པ་དང“དམག་མི་རྒན་གྲས”པ་སངས་རྒྱལ་པོ་ནི་དམག་ཞབས་ཐིམ་པའི་དམག་མི་ཞིག་རེད། ཁོང་གཉིས་པོས་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་དང་། རང་ཉིད་ཀྱི་ནུས་པ་ལྷག་མ་འདོན་པར་བརྟེན་ནས་ཐོག་མའི་བསམ་འདུན་མཚོན་པར་བྱས་ཏེ། ཉིན་ལྟར་དུས་ཐོག་ཏུ་ལས་གནས་ཐོག་འགན་འཁྲི་སྒྲུབ་པར་ཡོང་བ་དང་རང་འགུལ་ངང་སྣེ་ཁྲིད་དེ་རྒན་རྒོན་ཚོ་ལུས་སྦྱོང་དང་སྒོར་གཞས་འཁྲབ་པ་སོགས་ཀྱི་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས། ལྟེ་གནས་ཀྱི་རིག་གནས་དང་རོལ་རྩེད་བྱེད་སྒོ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་སྤེལ་བར་སྐུལ་ཁྲིད་བྱེད་ཀྱི་ཡོད།
ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་ཕུད། ལྟེ་གནས་ཀྱིས་བོད་རྒྱ་སྐད་གཉིས་སློབ་སྦྱོང་དང་རི་མོ་འབྲི་བ་སོགས་ཀྱི་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱས་པ་དང་ཆབས་ཅིག རིག་པར་ཕན་པའི་རོལ་རྩེད་རྣམ་གྲངས་ཀྱང་བཀོད་སྒྲིག་བྱས་ནས་རྒན་རྒོན་ཚོར་འགུལ་སྡོད་ཟུང་འབྲེལ་དང་། ལུས་སྦྱོང་དང་ངལ་གསོ་ཟུང་འབྲེལ་ཡོང་བ་བྱེད་ཀྱི་ཡོད། རྒྱུན་གཏན་གྱི་ལས་དོན་ཁྲོད་ལས་དོན་མི་སྣས་བརྒྱུད་རིམ་ཧྲིལ་པོར་བརྩེ་བ་ཆེན་པོས་གཡོག་རྒྱུག་པ་དང་། རྒྱུན་དུ་རྒན་རབས་ལ་འཕུར་མཉེད་དང་དངོས་ཁམས་གསོ་བཅོས་དང་། ལུས་གསོ་བདག་སྐྱོང་། སེམས་ཁམས་སློབ་གསོ་སོགས་ཞབས་འདེགས་ཞིབ་ཚགས་ཞུས་ཏེ་རྒན་རྒོན་ཚང་མར་སེམས་ནུས་ཡོད་རྒུས་སྲི་ཞུ་སྒྲུབ་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་མཐོ་གསར་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་2021ལོར་གཉེར་སྐྱོང་བྱས་ཚུན། “སྲིད་གཞུང་གིས་གཙོ་ཁྲིད་དང་། ཆེད་ལས་ཀྱི་གཉེར་སྐྱོང་། སྤྱི་ཕན་ཞུགས་པ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་དང་རིམ་པ་མང་བའི་ཁྱད་ལྡན་རྒན་གསོའི་ཞབས་ཞུའི་མ་ལག་ཆེན་པོ་དྲུག་བསྐྲུན་ཡོད། རིམ་རྩིས་བརྒྱབ་ན། རིན་པ་མི་དགོས་པར་ཆེད་གཏོང་རླངས་འཁོར་གྱིས་བསུ་སྐྱེལ་དང་། བོད་ལུགས་ཀྱི་ཁྱད་ལྡན་དངོས་ལུགས་གསོ་བཅོས། ཁྱིམ་མཚེས་དབར་གྱི་ཆ་སྒྲིག་རོགས་སྐྱོར་སོགས་དམངས་ཕན་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
ལྷ་ས་མཐོ་གསར་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས། ཞབས་ཞུའི་རྣམ་པ་ལེགས་སུ་དང་ཞབས་འདེགས་ཞུ་ཡུལ་རྒྱ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་ཁོངས་གཏོགས་ཁུལ་དུ“རྒས་དུས་འཚོ་སྐྱོང་ཡོད་པ་དང་། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ”བཅས་ཀྱི་དམངས་འཚོའི་རང་མདངས་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ་སེམས་ནུས་ཡོད་རྒུས་དེ་གའི་རྒན་རྒོན་ཚང་མར་དྲོ་སྐྱིད་སྦྱིན་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།