དབུ་ཤོག
  • ནག་ཆུ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-21

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་མཐུན་རྐྱེན་སྦྱར་བས་འཕེལ་རིམ་ཡག་པོ་བྱུང་ཡོད།

    སོག་རྫོང་རོང་པོ་གྲོང་རྡལ་གྱི་མི་ཐབས་རྩྭ་འདེབས་རྣམ་གྲངས་སྤེལ་ཡུལ་དུ་ཡུག་པོ་སྐྱེ་འཚར་ཡག་པོ་བྱུང་ཡོད། རྣམ་གྲངས་དེར་དངོས་སུ་འདེབས་ཁྱོན་མུའུ་3038ཟིན་པ་དང་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཀྱིས་རྨོ་འདེབས་དང་། ལུད་རྒྱག་པ། བརྔ་བསྡུ། ཆག་རྒྱག་བཅས་བྱེད་ཀྱི་ཡོད། 2021ལོ་ནས་2025ལོ་བར་ལོ་5བསྟུད་མར་ལོ་ལེགས་བྱུང་བ་དང་ལོ་རེར་ཆ་སྙོམས་རྩྭ་སྐམ་པོ་ཏུན་900ལྷག་ཙམ་ཐོན་ནས་མུའུ་རེའི་ཐོན་འབབ་རྒྱ་མ་600ལྷག་ཙམ་ཟིན་ཡོད། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་220ལྷག་ཙམ་ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་90ལྷག་ཙམ་བྱུང་ནས་མི་20ཡུན་རིང་ལས་ཞུགས་དང་མི་ཐེངས་1360ལྷག་ཙམ་སྐབས་འཕྲལ་གླ་པར་སྐུལ་ཁྲིད་ཐུབ་ཡོད།

    མི་ཐབས་རྩྭ་འདེབས་ཀྱི་ཐོན་འབབ་མཐོ་པོ་དང་བརྟན་པོ་བྱུང་བ་ནི་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། 2025ལོའི་ཟླ་6པར། ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས(རྩྭ་ལས)ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཞིང་ཁར་བསྐྱོད་དེ་རྩྭ་སོན་འདེམས་པ་དང་། རྫས་ལུད་སྡེབ་བསྡུར། སོན་འདེབས་འཆར་འགོད། བསྲེས་འདེབས་ལག་རྩལ་སོགས་ཀྱི་དཀའ་གནད་ལ་དམིགས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་གཞི་མཁོ་འདོན་བྱས་ཡོད།

     ད་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1830བཏང་ནས་འབྲི་གཡག་དང་གཟན་རྩྭ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་ཞིབ་རྣམ་གྲངས་3བཙུགས་པ་དང་། ས་མཐོའི་ཚོད་འདེབས་ལ་སྐུལ་འདེད་བཏང་ནས་ཚད་ལྡན་ཅན་གྱི་ཚོད་ལྟའི་ཞིང་ཁ་མུའུ་100བསྐྲུན་པ་དང་། ཚོད་ལྟའི་ཁུལ་ཆུང་220དབྱེ་ནས་ཞིབ་ཚགས་ཅན་གྱི་དོ་དམ་བྱས་པ། ཐོན་འབབ་མཐོ་བའི་གཟན་རྩྭ་དང་ཀྲུང་ལུགས་སྨན་རྩྭ་སོགས་ཀྱི་སྣ་ཁ་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་པ། སྔོ་ཚལ་དང་། ཀྭ་རིགས་དང་ཤིང་འབྲས། ཞིང་ལས་ལོ་ཏོག སྨན་རྩྭ་བཅས་རིགས་4ཡི་སྤུས་ལེགས་སྣ་ཁ་36བདམས་ནས་ས་བབ་མཐོ་སར་ཚོད་འདེབས་བྱས་པ་དང་ས་མཐོའི་ཁོར་ཡུག་དང་འཚམ་པའི་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་པ། འབྲོང་ཚ་8ཀྱི་རྒྱུད་འདྲེན་འདུལ་གསོ་ལེགས་སྒྲུབ་བྱས་པར་གསོན་ཚད་100%ཟིན་པ། ཁྱད་ལྡན་ཕྱུགས་རྒྱུད་10ལ་རྒྱུད་པ་ཞིབ་དཔྱད་ཚད་ལེན་བྱས་པ་དང་ས་གནས་དེ་གའི་ཕྱུགས་རྒྱུད་ཐོན་ཁུངས་ཀྱི་མཛོད་དང་རྒྱུད་པའི་གཞི་གྲངས་མཛོད་བཙུགས་ནས་རྒྱུད་པ་སྲུང་སྐྱོང་ལེགས་བཅོས་དང་དེ་བཞིན་ལས་རིགས་ཀྱི་ཚད་གཞིར་གཞིགས་ནས་གཞི་གྲངས་ཀྱི་འདེགས་སྐྱོར་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།