དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མི་རབས་ནས་མི་རབས་བར་ནགས་རི་བསྲུངས་པ།

    —— སི་ཁྲོན་ཆུ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཧྲའོ་མིང་། དབྱིན་ཅེ།   |     སྤེལ་དུས།  2026-06-21

    སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་དུ་གནས་པའི་སི་ཁྲོན་ཆུ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲོན་སྤྲེལ་སྤུ་སེར་མང་པོ་ཡོད་པ་རེད།

    ཁྲོན་སྤྲེལ་སྤུ་སེར་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་བློ་ལྡན་སྲོག་ཆགས་རིགས་རྩ་ཆེན་ཞིག་རེད། སི་ཁྲོན་ཆུ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲོན་སྤྲེལ་སྤུ་སེར་1700ལྷག་ཙམ་ཟིན་ནས་རང་བྱུང་སྲུང་སྐྱོང་ཁུལ་དེ་ཉིད་རྒྱལ་ནང་གི་ཁྲོན་སྤྲེལ་སྤུ་སེར་གྲངས་འབོར་མང་ཤོས་ཀྱི་མཚོན་བྱེད་རང་བཞིན་གྱི་སྲུང་སྐྱོང་ཁུལ་ཞིག་ཏུ་གྱུར་ཡོད།

    མང་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྐྱེ་ཁམས་སྣ་མང་རང་བཞིན་ཡང་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཁྲོན་སྤྲེལ་སྤུ་སེར་གྱི་གྲངས་འབོར་ཡང་བརྟན་པོའི་ངང་འཕར་བཞིན་ཡོད། ཉིན་ཤས་གོང་། གསར་འགོད་པ་ནགས་རི་དེར་འཛེགས་ནས་དེའི་སྐོར་ལ་རྒྱུས་ལོན་བྱས་པ་ཡིན།

    མི་རབས་ནས་མི་རབས་བར་སྐོར་སྲུང་བྱས་པས་སྐྱེ་ཁམས་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ།

    ད་ལོ་ལོ་58ལ་སླེབས་པའི་ཐང་ཡུས་ལིན་ནི་སི་ཁྲོན་ཆུ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞབས་ཞུ་ལྟེ་གནས་ཁྲོན་སྤྲེལ་སྤུ་སེར་ཞིབ་འཇུག་ལྟེ་གནས་ལྟ་ཞིབ་ཚད་ལེན་རུ་ཁག་གི་རུ་དཔོན་ཡིན་ཞིང་། ལོ་22ཀྱི་སྐབས་སུ་ཁོང་གིས་རང་ཉིད་ཀྱི་ཨ་ཕའི་སྐོར་སྲུང་ལས་ཀའི་རྒྱུན་སྐྱོང་འགོ་ཚུགས་པ་དང་། ད་བར་ཁྲོན་སྤྲེལ་སྤུ་སེར་དང་འབྲེལ་འདྲིས་བྱས་ནས་ལོ་36ཕྱིན་པས་ཀུན་གྱིས་ཁོང་ལ“སྤྲེལ་རྒྱལ”ཞེས་འབོད་ཀྱི་ཡོད་པ་རེད།

    ལོ་དེ་དག་རིང་། ཁྲོན་སྤྲེལ་སྤུ་སེར་གྱི་འགུལ་སྐྱོད་ས་ཁོངས་ཆེ་རུ་ཕྱིན་པ་མ་ཟད་སྤྲེའུའི་ཟས་རིགས་ཀྱང་མང་དུ་ཕྱིན་པ་དང་། ད་དུང་སྔོན་ཆད་མཐོང་དཀོན་པའི་གླ་བ་དང་ར་རྒོད་སོགས་ཀྱང་མཐོང་མྱོང་བས། ཐང་ཡུས་ལིན་གྱིས་“འདི་གའི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་འགྲོ་བ་ཤེས་ཐུབ”ཅེས་བཤད།

    ཐང་ཡུས་ལིན་གྱི་ཤུགས་རྐྱེན་འོག ཚ་བོ་ཐང་ཞའོ་ཀང་ཡང་ཁྲོན་སྤྲེལ་སྤུ་སེར་ལྟ་ཞིབ་ཚད་ལེན་པ་ཞིག་ཏུ་གྱུར་ཅིང་། སྲུང་སྐྱོང་ཁུལ་དེར་ཁོང་ལྟ་བུའི་ལྟ་ཞིབ་ཚད་ལེན་པ་ཁྱོན་12ཡོད་པ་དང་། གཞན་ད་དུང་འཐབ་ས་དང་པོའི་སྐོར་སྲུང་བ་33གྱིས་ས་ཁོངས་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་རེད།

    སྔོན་ཆད་སྐོར་སྲུང་བས་སྐོར་སྲུང་བྱེད་པར་རྐང་པ་དང་། མིག སྨྱུ་གུ་བཅས་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་ཁོང་ཚོའི་ལག་ཐོགས་ཁ་པར་ནང་རིག་ནུས་སྐོར་སྲུང་མ་ལག་བཅུག་ཡོད་པས་འབྲེལ་ཡོད་ཆ་འཕྲིན་དང་ངེས་གནས་ནང་འཇུག་བྱེད་བདེ་པོ་ཡོད་པ་རེད།

    “ཕ་མེས་ཡང་མེས་ཚོས་རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་བྱས་ཏེ་ཤིང་ནགས་བཅད་ནས་འཚོ་བ་སྐྱེལ་གྱི་ཡོད། ང་ཚོའི་མི་རབས་འདིས་ཀྱང་ཤིང་ནགས་ལ་བརྟེན་གྱི་ཡོད། འོན་ཀྱང་ཤིང་ནགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད”ཅེས་ཐང་ཞའོ་ཀང་གིས་བཤད།

    རང་བྱུང་སློབ་གསོ་སྤེལ་ནས་མི་རབས་རྗེས་མར་རང་བྱུང་ཁམས་སྲུང་སྐྱོང་བྱེད་སྟངས་ཤེས་སུ་བཅུག་པ།

    རང་བྱུང་སྲུང་སྐྱོང་ཁུལ་དུ་སློབ་གོས་གྱོན་པའི་བྱིས་པ་སྐོར་ཞིག་གིས་དགེ་རྒན་གྱི་འགྲེལ་བཤད་ནན་ཏན་གྱིས་ཉན་བཞིན་ངོ་གདོང་ལས་དགའ་སྤྲོ་དང་མཚར་སྣང་གིས་ཁེངས།

    དེ་ནི་ས་གནས་དེ་གའི་སློབ་ཆུང་ཞིག་གིས་རང་བྱུང་སློབ་གསོའི་སློབ་ཚན་གྱི་རྣམ་པ་རེད། སི་ཁྲོན་ཆུ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབང་ཝུན་གྱིས། སྲུང་སྐྱོང་ཁུལ་དུ་རང་བྱུང་སློབ་གསོ་སྤེལ་ནས་ལོ་3ཕྱིན་པ་དང་གཟི་ཚ་སྡེ་དགུ་རྫོང་གི་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་གིས་རང་བྱུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    “སྲུང་སྐྱོང་ཁུལ་དུ་སྐྱེ་ཁམས་སློབ་གསོ་སྤེལ་བ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མི་རབས་འདིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། མི་རབས་རྗེས་མ་གསོ་སྐྱོང་ཡག་པོ་བྱས་ནས་ཁོང་ཚོར་ཅིའི་ཕྱིར་རང་བྱུང་ཁམས་སྲུང་སྐྱོང་བྱེད་དགོས་པ་དང་རང་བྱུང་ཁམས་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པ་ཡང་ཤེས་སུ་འཇུག་དགོས། རང་བྱུང་ཁམས་དང་ཉེ་བཅར་གྱི་སློབ་གསོ་གཏོང་སྟངས་འདི་ནི་དེ་བས་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་ཉམས་ལེན་ཞིག་རེད”ཅེས་དབང་ཝུན་གྱིས་ངོ་སྤྲོད་བྱས།

    རང་བྱུང་སློབ་གསོའི་མཛུབ་ཁྲིད་དགེ་རྒན་གྱི་འགན་འཁུར་མཁན་གྲས་སུ་སྲུང་སྐྱོང་ཁུལ་གྱི་ལས་དོན་པ་ཕུད། ད་དུང་སི་ཁྲོན་ཞིང་ལས་སློབ་ཆེན་དང་ཤིས་ཧྭ་དགེ་འོས་སློབ་ཆེན་སོགས་མཐོ་སློབ་ཀྱི་དགེ་སློབ་ཀྱང་ཡོད། “འདི་གར་ས་བབ་ཀྱི་ཧེ་བག་ཆེ་ཞིང་སྔོ་ཁེབས་ཐོན་ཁུངས་ཕུན་སུམ་ཚོགས་པས། སློབ་གླིང་མང་པོས་སྲུང་སྐྱོང་ཁུལ་དུ་ཚན་ཞིབ་རྟེན་གཞི་བཙུགས་ཡོད། ང་ཚོས་མཐོང་ཐོས་མྱོང་གྲུབ་ཀྱི་གཞི་གྲངས་འཚོལ་བསྡུའི་འགན་འཁུར་གྱི་ཡོད་པ་དང་། ཁོང་ཚོས་ཞིབ་འཇུག་གཏིང་ཟབ་བྱེད་འགན་འཁུར་གྱི་ཡོད། ཚན་ཞིབ་མཉམ་ལས་འདི་དག་གིས་སྲུང་སྐྱོང་ཁུལ་གྱི་ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག རང་བྱུང་སློབ་གསོར་དཔྱད་གཞི་དེ་བས་ཏན་ཏིག་མཁོ་འདོན་བྱས་པས། ཕྲུ་གུ་ཚོས་ཐོས་པའི་འགྲེལ་བཤད་དེ་དག་ཤེས་བྱ་ཐར་ཐོར་ཙམ་མ་ཡིན་པར་ཡུན་རིང་གི་ལྟ་ཞིབ་ཚད་ལེན་ལས་ཐོན་པ་ཤ་སྟག་རེད་ཅེས་དབང་ཝུན་གྱིས་བཤད།

    སྐྱེ་ཁམས་ཀྱི་ཁེ་སྤོགས་རག་ནས་སྒོ་རྩར་ལས་ཞུགས་འབབ་འཕར་བྱུང་བ།

    དེ་སྔ་སྲུང་སྐྱོང་ཁུལ་གྱི་ཉེ་འཁོར་དུ་གྲོང་མི་མི་ཉུང་བ་ཞིག་གིས་ཤིང་ནགས་གཅོད་པ་དང་ཤིང་བཙོངས་ནས་འཚོ་བ་སྐྱེལ་གྱི་ཡོད། དུས་རབས་གོང་མའི་ལོ་རབས་90པར་ས་གནས་དེ་གས་ཕྱོགས་ཡོངས་ནས་ནགས་རྒྱ་བསྡམས་རྗེས་མི་མང་པོ་ཞིག་ཕྱིར་ལས་མིར་འགྲོ་གི་ཡོད།

    ད་ཆ་གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་བྱུང་ཡོད་དེ། སྲུང་སྐྱོང་ཁུལ་དང་དེའི་ཉེ་འདབས་སུ་ཡོད་པའི་ཤང་དང་གྲོང་རྡལ་5དང་གྲོང་ཚོ(སྡེ་ཁུལ)17དུ་སྡེ་ཁུལ་གྱི་མཉམ་སྐྲུན་མཉམ་འདོམས་ཨུ་ལྷན་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་དང་། རང་བྱུང་སློབ་གསོ། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བས། སྲུང་སྐྱོང་ཁུལ་གྱི་དོ་དམ་ལམ་སྲོལ་ཚད་ལྡན་དུ་ཕྱིན་པ་མ་ཟད། གྲོང་མིར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་ཐུབ་ཡོད། གཟི་ཚ་སྡེ་དགུ་རྫོང་ཆུ་དཀར་ཤང་ལ་ཆ་མཚོན་ན། མིག་སྔར་སྐྱེ་ཁམས་ནགས་སྲུང་བ་ཁྱོན་32ཀྱིས་སྲུང་སྐྱོང་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཟླ་6པའི་ཟླ་མཇུག་ཏུ་ཕྱི་ཕྱོགས་སུ་ཚོང་གཉེར་བྱ་རྒྱུ་ཡིན་པའི་སྐྱེ་ཁམས་ལུང་གཞུང་གི་འཕྱོ་གཡེང་རྣམ་གྲངས་ཀྱིས་ད་དུང་ལས་གནས་45མཁོ་འདོན་བྱ་རྒྱུ་རེད།

    “སྲུང་སྐྱོང་ཁུལ་གྱིས་ཆུ་དཀར་ཤང་གི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད”ཅེས་ཆུ་དཀར་ཤང་གི་ཤང་ཀྲང་ཧོང་ཝུའེ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། གྲོང་མི་མི་ཉུང་བ་ཞིག་གིས་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད། མིག་སྔར་ཤང་ཡོངས་སུ་ཁྱོན་ཁྱིམ་ཚང་མགྲོན་ཁང་700ཡོད་པ་དང་། “ན་ནིང་ཤང་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་2000ལས་བརྒལ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།