མཚོ་སྔོན་གྱི་སློབ་གྲྭ་བཞིའི་རྣམ་གྲངས་རྒྱལ་ཡོངས་ཀྱི་ཆེད་ལས་དང་ཚད་ལྡན་ཅན་གྱི་སློབ་གསོ་མཉམ་འདྲེས་ཀྱི་ཚོད་ལྟ་ཁག་དང་པོར་བདམས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་སློབ་གསོ་པུས《ཆེད་ལས་དང་ཚད་ལྡན་ཅན་གྱི་སློབ་གསོ་མཉམ་འདྲེས་ཀྱི་ཚོད་ལྟའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་སྟེ། རྒྱལ་ཡོངས་ཀྱི་ཆེད་ལས་དང་ཚད་ལྡན་ཅན་གྱི་སློབ་གསོ་མཉམ་འདྲེས་ཀྱི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་བཅས་མཐོ་སློབ་4ཡི་ཚོད་ལྟའི་རྣམ་གྲངས་4བདེ་བླག་ངང་བདམས་ཐོན་བྱུང་བ་དེ་དག་འགྲོ་ལམ་དང་ཟམ་པའི་ལས་གྲྭ་དང་བཟའ་བཅའ་ཞིབ་དཔྱད་ལག་རྩལ་སོགས་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་ཆེད་ལས་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།
ད་ཐེངས་མཚོ་སྔོན་ཞིང་ཆེན་ནས་ཚུད་པའི་ཚོད་ལྟའི་རྣམ་གྲངས་དེ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་དང་བཟའ་བཅའ་ཞིབ་དཔྱད་ཚད་ལེན་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་གྱི་དགོས་མཁོར་དམ་པོར་བསྟུན་ནས་སྤྱི་པའི་སློབ་གསོ་གསོ་སྐྱོང་དང་ཆེད་ལས་སློབ་གསོ་གསོ་སྐྱོང་གི་གསོ་སྐྱོང་གི་རྣམ་པ་གཉིས་གསར་གཏོད་དང་བེད་སྤྱོད་བྱས་ཡོད། ཚོད་ལྟའི་འཛུགས་སྐྲུན་བྱེད་རིང་། ཞིང་ཆེན་ནང་ཁུལ་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་དང་། ལས་རིགས་མཐུན་ཚོགས། སྣེ་འདྲེན་ཁེ་ལས་སོགས་ཚད་ལྡན་ཅན་གྱི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཚན་པ་9ཞུགས་ནས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ“སློབ་གླིང་དང་། ལས་རིགས་མཐུན་ཚོགས། ཞིབ་དཔྱད་སྒྲིག་གཞི། སྣེ་འདྲེན་ཁེ་ལས་བཅས་ཟུང་དུ་འབྲེལ་བའི”སྣེ་མང་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་པ་ཞིག་བཏོད་དེ་ཚད་ལྡན་ཅན་གྱི་སློབ་གསོ་དང་ཐོན་ལས་ལག་ལེན་སྦྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
མཚོ་སྔོན་དུ་ཆེད་ལས་དང་ཚད་ལྡན་ཅན་གྱི་སློབ་གསོ་མཉམ་འདྲེས་ཚོད་ལྟ་བྱས་པ་ལས་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། མཐོ་སློབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་སྐྱོང་བར་སྐུལ་འདེད་བཏང་སྟེ། ས་མཐོའི་ཁྱད་ལྡན་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད། བྱ་ཐབས་དེས་ཀྱང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་ཀྱི“ཁུལ་བཞི”འཛུགས་སྐྲུན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ལ་ཆེད་ལས་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།
མིག་སྔར། འབྲེལ་ཡོད་སྡེ་ཚན་གྱིས་ཚོད་ལྟའི་འཛུགས་སྐྲུན་གྱི་འགན་སྲུང་ལས་ཀར་སྤྱི་འདོམས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དགེ་རྒན་དཔུང་ཁག་གསོ་སྐྱོང་དང་། སློབ་ཚན་མ་ལག་ལེགས་འགྱུར། ཆེད་ལས་སློབ་དེབ་གསར་སྤེལ། ལག་ལེན་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སོགས་ལྟེ་བའི་ལྷུ་ཚིགས་ལ་དམིགས་ཏེ། འཛུགས་སྐྲུན་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ཐོན་སློབ་མཉམ་འདྲེས་གཏིང་ཟབ་དང་ཚན་སློབ་མཉམ་འདྲེས་བྱས་ཏེ་ཚད་ལྡན་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་ལས་ཀ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།