“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་དུས་རབས་ཀྱི་དོན་སྙིང་མངོན་གསལ་དོད་དུ་འགྲོ་བ།

ཝང་ཁོ་ལི།
དེང་གི་འཛམ་གླིང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་མང་པོ་ཞིག་གིས་དཔལ་འབྱོར་འབྲེལ་བ་སྣ་མང་ཅན་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡོད། རྒྱབ་ལྗོངས་དེ་འདྲའི་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོས་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ནས་དེའི་ནང་ཞུགས་མཁན་ཕྱོགས་ལ་མཉེན་ཆ་ལྡན་པའི་ཐཱན་ཉུང་དཔལ་འབྱོར་གྱི་མ་ལག་ཅིག་འཛུགས་རོགས་བྱས་པ་ལས་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཆེ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཞིག་མངོན་བཞིན་ཡོད།
གོ་ལ་ཧྲིལ་པོའི་རྣམ་པ་དང་འཕེལ་རྒྱས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་ཁྱད་ཆོས་གསར་པ་རྒྱུན་ཆད་མེད་པར་ཐོན་ནས་སྤུས་ཚད་མཐོ་ཞིང་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་ཞིག་མངོན་འོང་།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག རྒྱལ་སྤྱིའི་མཉམ་ལས་ལ་སྙུགས་ཤེད་ཆེན་པོ་མངོན་ཡོད། མཉམ་ལས་ཀྱི་ཐོག་མའི་དུས་སུ། གསར་དུ་བསྐྲུན་པའི་གྲུ་ཁ་དང་མྱུར་བགྲོད་ལྕགས་ལམ་སོགས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། འབྲེལ་ཡོད་མཉམ་ལས་ཀྱིས་སྤུས་ཚད་མཐོ་པོ་དང་ལྗང་མདོག་ལ་དེ་བས་མཐོང་ཆེན་བྱེད་པ་དང་། ཚོང་ལས་ཀྱི་ཁྲིད་སྟོན་རང་བཞིན་དེ་བས་ཆེ་བ། ཞུགས་མཁན་ཕྱོགས་ཀྱི་ཐོན་ལས་དང་ནུས་རྒྱུའི་འཐབ་ཇུས་ཀྱང་དེ་བས་འཚམ་མཐུན་བྱུང་ཡོད།
གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་མི་འདང་བར་གཞིགས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་སྔར་བས་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཀྱི་ཡོད། རྒྱལ་ཁབ་ཁག་གཅིག་ཏུ་གྲོས་འགོ་དེས་གློག་ཁང་དང་། མྱུར་བགྲོད་གཞུང་ལམ། གྲངས་འཛིན་འཕྲིན་གཏོང་སྒྲིག་བཀོད་སོགས་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་མ་ཐེབས་ནས་འཆར་འགོད་ཙམ་དུ་ལུས་སྲིད་པའི་རྣམ་གྲངས་དག་དོན་འཁྱོལ་བྱུང་ཡོད། རྒྱལ་ཁབ་ཁག་གཅིག་ཏུ་ཀྲུང་གོའི་ཁེ་ལས་ཉིད་གྲུ་ཁ་རིམ་སྤོར་དང་། ཐོན་ལས་གླིང་འཛུགས་སྐྲུན། འཕྲིན་གཏོང་དྲ་རྒྱ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་མཁན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུའང་གྱུར་ཡོད། ཀྲུང་གོས་མ་དངུལ་བསྡུ་རྒྱུག་དང་མ་འཇོག་བྱས་པ་དེས་ཚད་གཞི་ངེས་ཅན་ཞིག་ནས་ཞུགས་མཁན་ཕྱོགས་མང་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཐུབ་ཡོད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་ཤུགས་རྐྱེན་མངོན་གསལ་ཧ་ཅང་དོད་ཅིང་། འགྲིམ་འགྲུལ་གྱི་བར་མཐོངས་གསར་པར་འགྲུལ་བཞུད་ཀྱི་དུས་ཡུན་ཐུང་དུ་སོང་ཡོད་ལ་ཟོག་འགྲུལ་གྱི་མ་གནས་ཀྱང་དམའ་རུ་ཕྱིན་ཡོད། གློག་ཤུགས་ལས་རིགས་ལ་མ་དངུལ་བཏང་བ་དེས་དུས་ཡུན་རིང་པོར་གློག་དཀོན་པའི་གནད་དོན་ཞི་ལྷོད་དུ་སོང་བ་མ་ཟད། བཟོ་ལས་དང་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་ལའང་སྐུལ་མ་ཐེབས་ཡོད། ཐོན་ལས་གླིང་ཆེ་གྲས་བསྐྲུན་པ་དེས་དེའི་ནང་ཞུགས་མཁན་ཕྱོགས་ལ་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་དང་ཚོང་དོན་མ་ལག་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དེ་ཀྲུང་གོ་དང་དེ་བཞིན་མཉམ་ལས་རོགས་ཟླ་མང་པོས་རང་ཉིད་ཀྱི་ཚོང་དོན་དང་ཐོན་སྐྱེད་རྣམ་པ་བསྐྱར་སྐྲུན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་གདམ་ག་སྣ་ཚོགས་མཁོ་འདོན་བྱས་ཡོད། ངས་ད་ལོའི་ཟླ་དང་པོར་ཁྱབ་བསྒྲགས་བྱས་པའི་མ་འཇོག་སྙན་ཞུའི་ནང་བརྗོད་པ་ལྟར། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ལྗང་མདོག་ལག་རྩལ་ལ་མ་འཇོག་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་ཉི་ནུས་དང་རླུང་ནུས་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དེ་བས་མངོན་གསལ་དོད་པོར་གྱུར་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་མང་པོ་ཞིག་ཏུ། ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འཇུར་མིག་གཙོ་བོ་ནི་མ་གནས་དམའ་བའི་མ་དངུལ་བསྡུ་རྒྱུག་དང་། རྣམ་གྲངས་གསར་སྤེལ། བཟོ་སྐྲུན་ནུས་པ་བཅས་ཡིན་པ་ལས་ལག་རྩལ་མིན། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་དང་། སྒྲིག་ཆས། ཉམས་མྱོང་བཅས་ཐད་ཀྱི་ལེགས་ཆ་སྤྱད་དེ་རྒྱལ་ཁབ་དེ་དག་ལ་རླུང་ནུས་དང་ཉི་ནུས་ཀྱི་གློག་གཏོང་རྣམ་གྲངས་ཆེ་གྲས་དང་བཟོ་གྲྭ་སྐྲུན་རོགས་བྱས་པས་ནུས་རྒྱུ་གཙང་མའི་མ་གནས་མངོན་གསལ་དོད་པོས་དམའ་རུ་སོང་སྟེ། ཁོང་ཚོས་ཐཱན་མཐོའི་ཐབས་ལམ་ལ་བརྟེན་མི་དགོས་པར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུར་ཐད་ཀར་ཕྱོགས་པའི་འཕེལ་རྒྱས་གཏོང་ཐུབ་པ་བྱུང་ཡོད།
“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཁྱབ་ཁོངས་ཀྱང་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད། “གྲངས་འཛིན་དར་གོས་ལམ་བུ”དང“སྐྱོན་བྲལ་དར་གོས་ལམ་བུའི”སྒྲོམ་གཞིའི་འོག ཀྲུང་གོའི་ཁེ་ལས་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་དང་། དྲ་ཐོག་ཚོང་དོན། རིག་ལྡན་གྲོང་ཁྱེར། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་ཐུབ་ནས་ཀྲུང་གོའི་ལག་རྩལ་དང་ཚད་གཞི་དེ་ཞུགས་མཁན་ཕྱོགས་ཀྱི་དཔལ་འབྱོར་མ་ལག་ནང་གཏིང་ཟབ་ཁྱབ་སྟེ། ཁོང་ཚོར་གྲངས་འཛིན་ཅན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་གོ་སྐབས་བྱུང་ཡོད།
དེང་གི་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་མང་པོ་ཞིག་གིས་དཔལ་འབྱོར་འབྲེལ་བ་སྣ་མང་ཅན་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོས་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ནས་དེའི་ནང་ཞུགས་མཁན་ཕྱོགས་ལ་སྙུགས་ཤེད་ལྡན་པའི་ཐཱན་ཉུང་དཔལ་འབྱོར་གྱི་མ་ལག་ཅིག་འཛུགས་རོགས་བྱེད་བཞིན་ཡོད་དང་། དེའི་དོན་སྙིང་ནི་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
(རྩོམ་པ་པོ་ནི་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།