བསམ་འཆར་བསྡུ་ལེན་མ་ཟིན་བཏོན་པ།
རང་རྒྱལ་གྱིས་ཉོ་སྐྱེལ་ལས་སྟེགས་ཀྱི་ཁ་གསབ་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།
ཚེས་17ཉིན། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཉོ་སྐྱེལ་ལས་སྟེགས་ཀྱི་ཁ་གསབ་བྱ་སྤྱོད་ཀྱི་ཚད་ལྡན་དོན་ཚན་བཅུ(བསམ་འཆར་བསྡུ་ལེན་མ་ཟིན)》 འཆར་ཟིན་བཀོད་ནས་གྲུབ་པ་དང་། ཟླ་7ཚེས་17ཉིན་བར་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་ཨུ་ལྷན་གཞུང་ལས་ཁང་གིས་ཉོ་སྐྱེལ་ལས་རིགས་ཀྱི་ཁྲོམ་རའི་འགྲན་རྩོད་གནས་ཚུལ་ལ་བརྟག་དཔྱད་དང་ཚོད་སྐོར་བྱས་པ་ལས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཉོ་སྐྱེལ་ལས་སྟེགས་ལ་མ་རྩའི་ལེགས་ཆ་སྤྱད་དེ་ཁྲོམ་ར་ཧམ་བཟུང་བྱེད་པ་དང་། ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བར་བཙན་དབང་གིས་ཁ་གསབ་ནང་ཞུགས་སུ་བཅུག་པ། ལས་རིགས་ལ་ཚུལ་མིན་འགྲན་རྩོད་སོགས་ཀྱི་གནད་དོན་ལྡན་པས། ཉོ་སྐྱེལ་ལས་སྟེགས་ཀྱི་ཁ་གསབ་བྱ་སྤྱོད་ངེས་པར་དུ་ཚད་ལྡན་དུ་གཏོང་བ་དང་ཉོ་སྐྱེལ་ལས་སྟེགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཚུལ་ལྡན་འགྲན་རྩོད་བྱེད་དགོས།
བསམ་འཆར་བསྡུ་ལེན་མ་ཟིན་ནང་གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ཚུད་ཡོད་པ་སྟེ། གཅིག་ནས་སྤྱིའི་རྩ་དོན་ཁ་གསལ་བཟོས་ནས་ཡུན་རིང་དང་གྲངས་འབོར་ཆེ་བའི་ཁ་གསབ་སྤྲོད་པའི་བྱེད་ཐབས་ཐོག་ནས་ཁྲོམ་རའི་འགྲན་རྩོད་མེད་པར་བཟོ་བ་དང་ཚད་བཀག་བཟོས་ཏེ་ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་མི་ཆོག་པ་དང་། གཉིས་ནས་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་ནས་ལས་སྟེགས་ནང་གི་གཉེར་སྐྱོང་བ་བཙན་ཤེད་ངང་ཁ་གསབ་བྱེད་སྒོའི་ནང་ཞུགས་སུ་འཇུག་པའམ་ཡང་ན་ཁ་གསབ་ཀྱི་མ་གནས་འཁུར་དུ་འཇུག་མི་ཆོག་པ་དང་། མ་རྩའི་ལེགས་ཆར་བརྟེན་ནས་སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་ཀྱི་བྱེད་སྤྱོད་སྤེལ་མི་ཆོག་པ། མ་གནས་ལས་དམའ་བའི་རིན་གོང་ཐོག་ནས་ཚོང་ཟོག་འཚོང་མི་ཆོག་པ། གསུམ་ནས་ལྟ་སྐུལ་བྱ་ཐབས་ཁ་གསལ་བཟོས་ཏེ་ཁ་གསབ་སྤྲོད་པའི་བྱེད་སྒོ་མ་སྤེལ་གོང་དང་ལག་བསྟར་བྱས་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ། བཞི་ནས་བཅའ་ཁྲིམས་ཀྱི་ཉེན་ཁ་ཁ་གསལ་བཟོས་ནས་ཉོ་སྐྱེལ་ལས་སྟེགས་ཀྱི་ཁ་གསབ་བྱ་སྤྱོད་ལ་བརྩི་སྲུང་ཞུ་དགོས་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དེ་བཞིན་ཁྲིམས་འགལ་སྒྲིག་འགལ་ངང་ཁ་གསབ་སྤྲོད་པའི་བྱེད་སྒོ་སྤེལ་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དྲན་སྐུལ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།