དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུཌ་སྐྲུན་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་ལྷ་སར་འཚོགས་པ།

    ཀརྨ་ཚེ་བརྟན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-20

    ཚེས་17ཉིན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། དམིགས་ཚད་གཏན་འཁེལ་དང་། རྒྱུན་སྲིང་ལྷོད་མེད། ལས་དོན་སྒྲུབ་མཁས་པ་བཅས་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་ཡོད་པས། དེ་ནི་དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ཆེད་བདེ་རྩ་སྐྲུན་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམངས་འཚོའི་འདུ་འགོད་དེ་བས་ལེགས་པ་དང་དེ་བས་ཏན་ཏིག་ཡོང་བར་བྱེད་པ་དང་དངོས་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ་དང་ཡུལ་བབ་དང་བསྟུན་ནས་ས་ཚིགས་བཀོད་སྒྲིག་ལེགས་སུ་བཏང་སྟེ། ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ་སྡེབ་སྐྱེལ་འགན་ལེན་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་བཏང་སྟེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་དབོར་བ་དང་ཕྱིར་ཚོང་ཕྱིར་གཏོང་གི“མཐའ་མའི་འགག་གནད”ཤར་གཏོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་མཐུན་རྐྱེན་སྦྱོར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་དྲ་བ་ཤར་གཏོང་བྱས་ནས་གྲོང་ཚོར་མྱུར་སྐྱེལ་ཁྱབ་པ་དང་དུད་ཚང་དུ་སྐྱེལ་བ་སོགས་ཀྱི་དམངས་ཕན་ཞབས་ཞུར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བསྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུ་དེ་བས་བདེ་འཇགས་དང་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་བརྟེན་ནས་ས་ཚིགས་ཀྱི་ཚད་ལྡན་འཁོར་རྒྱུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཕུགས་ཕན་གྱི་ནུས་པ་རྒྱུན་དུ་ཐོན་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་བདེ་ལ་སྙིང་ཉེ་བའི་ཟོག་འགྲེམས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲའོ་ཕུང་ཚོགས་འདུར་ཞུགས་པ་རེད།

    བཞད་མཐོང་སྨོན་དང་། སྒེར་རྩེ། སྟེང་ཆེན། ཀོང་པོ་རྒྱ་མདའ་སོགས་རྫོང་དང་། སྦྲག་སྲིད་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི། ཧྲེན་ཐུང་མྱུར་སྐྱེལ་བོད་ལྗོངས་ཀུང་སི་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།