དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1འཕྲལ་མར་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-19

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་17ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1འཕྲལ་མར་སྤྲད་ནས་ཀོང་ཏུང་དང་། ཀོང་ཤིས། མཚོ་སྔོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)6གིས་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འཕྲལ་མར་སྤྲད་པའི་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་ཁྲོད་ནས་སྒོར་དུང་ཕྱུར་0.8ཧྥུའུ་ཅན་དང་། ཅང་ཤིས། ཧུའུ་ནན། ཀོང་ཏུང་། ཀོང་ཤིས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5ཡིས་ཆུ་ལོག་དང་ས་གཤིས་གནོད་འཚེའི་ཉེན་སེལ་གུད་སྐྱོབ་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུར་སྤྱད་དེ། གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་དང་། གནས་སྤོ་བཀོད་སྒྲིག ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར་0.2མཚོ་སྔོན་གྱིས་ཉེན་ཆེའི་ཁུལ་ཁོངས་ཀྱི་མང་ཚོགས་འཕྲལ་མར་གནས་སྤོ་ཉེན་ཡོལ་དང་། ས་ཡོམ་གྱི་གནོད་འཚེའི་ཉེན་ཁ་མྱུར་སེལ། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུར་སྤྱད་དེ། གནོད་འཚེ་ཕོག་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་སྤེལ་བ་གཞིར་བཟུང་། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་རུ་ས་ཡོམ་རིམ་པ་6.3བརྒྱབ་པར་དམིགས་ནས། ཚེས་16ཉིན་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་ཅུས་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ལ་གུར་དང་། ལྟེབ་ཁྲི། ཀམ་པ་ལི། ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ། འཕྲལ་སྡོམ་གློག་བཞུ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་1སྤྲད་པ་མ་ཟད། ད་དུང་སྲིད་གཞུང་དང་སྤྱི་ཚོགས་མཐུན་སྦྱོར་གྱིས་འཕྲལ་སྡོམ་དངོས་ཟོག་འགན་སྲུང་ལམ་སྲོལ་སྤྱོད་འགོ་བཙུགས་ཤིང་། ཨ་ལི་ཚོགས་པ་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས། དབྱིས་ཐེབས་རྩ། ཐེང་ཤུན་ཐེབས་རྩ་ལྷན་ཚོགས། ཙེ་ཅི་ཐེའོ་ཏུང་ཐེབས་རྩ་ལྷན་ཚོགས། ཨའེ་ཏེ་ཐེབས་རྩ་ལྷན་ཚོགས་སོགས་དང་མཐུན་སྦྱོར་བྱས་ཏེ་གནོད་འཚེ་ཕོག་ཁུལ་ལ་འཕྲལ་སྡོམ་བཟའ་བཅའ་དང་འཐུང་ཆུ་སོགས་རོགས་སྐྱོབ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།