“ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ནི་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་གལ་ཆེ”
“ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོ”ཐེངས་གཉིས་པར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུཌ་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དར་གོས་ལམ་བུའི་རྣམ་གྲངས་ཀྱིས“དར་གོས་ལམ་བུའི་ཤུལ་བཞག་དང་། ཡུལ་སྐོར། སྲོལ་རྒྱུན། ཤེས་དཔལ་གྱི་སྐད་ཆ་ཤོད་རེས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་མཉམ་དུ་གཙོ་གཉེར་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་རྒྱལ་ཁབ་མང་པོའི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་མཉམ་དུ་འཛོམས་ནས་ལོ་རྒྱུས་དང་འབྱུང་འགྱུར། ཕན་ཚུན་ཤེས་རྟོགས་དང་དཔྱད་གཞིར་འཛིན་པའི་སྐོར་གྱི་ཤེས་དཔལ་བརྒལ་བའི་སྐད་ཆ་ཤོད་རེས་བྱས་པ་རེད།
ཕ་རི་སིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་པི་ཝང་རྒྱུད་གཉིས་མ་དང་རོལ་ཆ་ཀུའུ་ཀྲེང་མཉམ་དཀྲོལ་ཁྲོད་ནས་བྱེད་སྒོ་འགོ་ཚུགས་པ་དང་། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཨ་ཧྥེ་ཁ་རི་ཁ་སྔོན་འཇོག་དང་ཕྱི་ཕྱོགས་འབྲེལ་བའི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་པུའུ་ལི་ཐུའོ་ཡིས། “ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་རྒྱུ་ནི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལྟེ་བའི་ལས་འགན་ཞིག་རེད། དེང་གི་འཛམ་གླིང་དུ་མི་མཐུན་པའི་ཆ་དང་གོ་ནོར་ཐེབས་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་འདུག་ལ། སྐབས་མང་པོ་ཞིག་ལ་མི་རྣམས་ཀྱིས་ཕན་ཚུན་དངོས་སུ་འབྲེལ་འདྲིས་མ་བྱས་པའི་སྔོན་དུ་ཕན་ཚུན་ལ་གདེང་འཇོག་དང་ཐ་ན་ཕན་ཚུན་གྱི་ལེགས་ཉེས་སོགས་གཏན་ཁེལ་བྱེད་ཀྱི་ཡོད། དེ་བས་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ནི་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་གལ་ཆེ་བ་ཡོད”ཅེས་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དར་གོས་ལམ་བུའི་རྣམ་གྲངས་ནི་1988ལོར་བཙུགས་ཤིང་། ཞིབ་འཇུག་དང་། དཔེ་སྐྲུན། ཤེས་བྱ་སྤེལ་རེས་བཅས་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་དང་། ཞིབ་འཇུག་སྒྲིག་གཞི། མཁས་དབང་སོགས་ལ་མཉམ་ལས་ཀྱི་ལས་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རྣམ་གྲངས་དེའི་ནང་ཧུར་ཐག་ཞུགས་མཁན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐར་ཧ་ཡིས“དར་གོས་ལམ་བུ་ནི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན་པ་མ་ཟད། དོན་དངོས་ལ་བསམ་གཞིག་དང་འབྱུང་འགྱུར་གྱི་བློ་སྒོ་འབྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཀྱང་ཡིན”ཞེས་བརྗོད་པ་རེད།
“ཤུལ་བཞག་ནས་ཉམས་ལེན་བར། དེང་རབས་ཀྱི་དར་གོས་ལམ་བུ་དང་སྦྲེལ་མཐུད་བྱེད”ཅེས་པ་འགོ་བརྗོད་དུ་བྱས་པའི་གཞུང་ཚབ་ཆེ་མོ་བའི་གྲལ་སྒོར་ཚོགས་འདུའི་ཐོག་ཀྲུང་གོ་དང་། ཨར་མེ་ཉི་ཡ། ཧ་སག་སི་ཐན། ཕ་ཁི་སི་ཐན། དབྱི་རན་སོགས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་རྒྱལ་ཁབ་ཀྱི་འཐུས་མིས་རང་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་དེང་རབས་ཀྱི་ལག་ལེན་དང་ཟུང་འབྲེལ་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་མཐུད་ཆོག་པའི་ཡུལ་སྐོར་འཕེལ་རྒྱས། གཞོན་ནུའི་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ་རེད།
“དར་གོས་ལམ་བུའི་གཏམ་རྒྱུད། གྲོང་ཁྱེར་དང་། ཤུལ་བཞག གསོན་ཉམས་ལྡན་པའི་སྲོལ་རྒྱུན”བཅས་བརྗོད་དོན་གཙོ་བོར་བྱས་པའི་རིགས་གཅིག་མཁས་ཅན་གྱི་བགྲོ་གླེང་སྐབས་སུ་ཚོགས་ཞུགས་མི་སྣས་ས་མར་ཧན་དང་། ཝུའེ་ཉི་སི། ཅིང་ཏེ་ཀྲེན་སོགས་ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ཟུང་འབྲེལ་བྱས་ཏེ། ཤེས་བྱ་བརྒྱུད་སྤེལ་དང་། སྒྱུ་རྩལ་གསར་གཏོད། རིག་གནས་བརྒལ་བའི་སྤེལ་རེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དར་གོས་ལམ་བུའི་ནུས་པ་གལ་ཆེན་སྐོར་ལ་གྲོས་བསྡུར་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོའི་གོ་ཐོབ་ལྡན་པའི་འཐུས་མི་དབྱང་ཤིན་ཡུས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རིག་གནས་དང་ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་རྒྱུར་ཡུན་རིང་གཞོལ་ཡོད། ཀྲུང་གོས་ཤེས་དཔལ་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱོགས་ཁག་དང་མཉམ་དུ་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ་དར་སྤེལ་བཏང་སྟེ། ཤེས་དཔལ་གྱི་འོད་སྣང་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུ་གསལ་དུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།