ཀྲུང་གོ་གུང་ཁྲན་ཏང་དང་འཇར་མན་མནའ་འབྲེལ་ཏང་གི་སྲིད་ཏང་གི་གླེང་མོལ་ཐེངས་བཅུ་བཞི་པ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་དང་འཇར་མན་མནའ་འབྲེལ་ཏང་གི་སྲིད་ཏང་གི་གླེང་མོལ་ཐེངས་བཅུ་བཞི་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། རིག་མཛོད། མཐོ་སློབ་ཀྱི་འཐུས་མི། འཇར་མན་མནའ་འབྲེལ་ཏང་གི་གྲོས་ཚོགས་ཏང་ཚོགས་ཀྱི་ཁོངས་མི་སོགས་ཚོགས་འདུར་ཞུགས་པ་རེད། ཕྱོགས་གཉིས་པོས“འཛམ་གླིང་གི་དུས་བབ་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོ་དང་འཇར་མན་གྱི་གླེང་མོལ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་གླེང་མོལ་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་གིས། འདི་ལོའི་ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་གཅིག་མཐུན་བྱུང་སྟེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་སྲིད་ཏང་དབར་གླེང་མོལ་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ངོས་འཛིན་ཡང་དག་བྱེད་པ། “སྲིད་ཏང+”ཡི་མཉམ་ལས་ལས་སྟེགས་ཧུར་ཐག་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
འཇར་མན་མནའ་འབྲེལ་ཏང་གི་གྲོས་ཚོགས་ཏང་ཚོགས་ཀྱི་ཀྲུའུ་ཞི་ཧྲི་ཕན་གྱིས། ཉེ་བའི་ལོ་ཤས་རིང་འཇར་མན་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། འཇར་མན་ཕྱོགས་ཀྱིས་རང་མོས་གཞུང་དྲང་ཚོང་དོན་ལ་མོས་མཐུན་དང་། གོ་རིམ་ལྡན་པའི་ངང་འགྲན་རྩོད་ཀྱི་འདོད་ཚུལ་འཛིན་པ། ཚོང་དོན་འཁྲུག་རྩོད་ལ་ངོ་རྒོལ་བཅས་བྱེད་ཀྱི་ཡོད་པས། ལྷག་བསམ་ཟོལ་མེད་ངང་འབྲེལ་གཏུག་དང་གླེང་མོལ་བྱས་པ་བརྒྱུད། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ། ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།