དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་སྲིད་གཞུང་གིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གོ་ལ་ཧྲིལ་པོ་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་འདུ་ཤེས་དང་། གྲོས་འགོ བྱ་སྤྱོད་བཅས་ངོ་སྤྲོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དེ་བས་གཅིག་སྡུད་རྒྱ་ཁྱབ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ་བས་ནུས་ལྡན་གཅོག་པ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱ་ཆེད། ཟླ་6ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་འཛུགས་པ་སྟེ། ཀྲུང་གོའི་འདུ་ཤེས་དང་། གྲོས་འགོ བྱ་སྤྱོད》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་དོན། གོ་ལ་ཧྲིལ་པོ་བཅོས་སྐྱོང་ནི་མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པའི་ཐུན་མོང་གི་བྱ་གཞག་ཅིག་ཡིན་པ་དང་། གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་བསྐྲུན་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་བརྩོན་ལེན་བྱེད་པའི་ཐུན་མོང་གི་བསམ་འདུན་ཞིག་རེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། འཛུགས་སྐྲུན་པ་བཅས་ཡིན། དུས་རབས་གསར་པ་ཤར་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་གལ་ཆེན་བཏོན་གནང་བ་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ་དར་སྤེལ་བཏང་གནང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད། 2025ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་གཟབ་ནན་ངང་བཏོན་གནང་ནས“གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་གང་འདྲ་ཞིག་སྐྲུན་དགོས་པ་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་དགོས་པའི”དུས་རབས་ཀྱི་བརྗོད་གཞིར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་བཏོན་མ་ཐག་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་160ཙམ་གྱི་རྒྱབ་སྐྱོར་དང་ལེན་ཐོབ་པ་དང་། རྒྱལ་ཁབ་60ལྷག་ཙམ“གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོགས་ཚོགས”ནང་ཧུར་ཐག་ཞུགས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་བྱས་དོན། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་འདུས་བྱེད་པ། དྲང་གཞག་གི་འབྱུང་འགྱུར་དོན་གཉེར་བྱེད་པ་བཅས་ཀྱི་བརྡ་རྟགས་གསལ་པོ་བཏོན་པ་དེས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་གདེང་ཚོད་བརྟན་པོ་འཕེལ་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཁ་གསལ་ཞིང་སྤྱོད་གོ་ཆོད་པའི་ཐབས་ལམ་དང་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཟང་ཟིང་ཆེ་བའི་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་དོན། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། གོ་ལ་ཧྲིལ་པོ་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཆེས་འགག་རྩ་ནི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ། དགོས་མཁོ་ཆེ་ཤོས་ནི་རྒྱལ་ཁབ་ཁག་མཐུན་སྒྲིལ་མཉམ་ལས་བྱེད་པ། དགོས་གཏུག་ཆེ་ཤོས་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཚལ་ཡིག་ཁ་གསབ་བྱེད་པ་བཅས་ཡིན་པས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བཅས་བྱེད་དགོས་པ་ལས་ཐབ་ཀ་ལོགས་འཛུགས་བྱེད་མི་རུང་།

    རྒྱབ་ཤ་དཀར་པོའི་དེབ་དེར་ཁྱོན་ཡིག་འབྲུ་ཁྲི་2ལྷག་ཙམ་ཡོད་པ་དང་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཆ་ཤས་ཁག་ལྔ་རུ་དབྱེ་ཡོད་པ་སྟེ། དེང་སྐབས་འཛམ་གླིང་ལ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ཉམས་ཉེན་གྱི་འགྲན་སློང་འཕྲད་པ་དང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་གྲོས་འགོས་དཀའ་གནད་སེལ་བར་དུས་རབས་ཀྱི་དྲིས་ལན་བཏབ་པ། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལེགས་སྐྱེས་ཕུལ་བ། འཕོ་འགྱུར་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ་འོད་ཟེར་སྟོང་ལྡན་གྱི་མདུན་ཕྱོགས་སུ་བསྐྱོད་པ། ལོ་རྒྱུས་འཕེལ་རིམ་གྱི་འགག་རྩའི་དུས་སུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།