ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་འགག་སྒོ་ནས་ཉིན་རེར་ཆ་སྙོམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་220ཟིན་རྒྱུ་ཡིན་པ།
གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཡོངས་ཀྱི་འགག་སྒོ་ནས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མང་བའི་དུས་སུ་སླེབས་རྒྱུ་རེད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་འགག་སྒོ་ནས་ཉིན་རེར་ཆ་སྙོམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་220ཟིན་རྒྱུ་ཡིན་པ་དེ་ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ལས་11.7%འཕར་རྒྱུ་དང་ཉིན་གཅིག་ལ་འགག་སྒོ་ནས་འགྲོ་འོང་བྱེད་མཁན་མང་ཤོས་མི་ཐེངས་ཁྲི་235ལས་བརྒལ་རྒྱུ་རེད། མཁའ་འགྲུལ་གྱི་འགག་སྒོ་ཆེ་གྲས་ནས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་ཅུང་མང་དུ་འགྲོ་རྒྱུ་རེད། ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་དང་། པེ་ཅིང་རྒྱལ་སའི་གནམ་ཐང་། ཀོང་ཀྲོའུ་པའེ་ཡུན་གནམ་ཐང་། ཧྲེན་ཀྲེན་པའོ་ཨན་གནམ་ཐང་། པེ་ཅིང་ཏ་ཤིང་གནམ་ཐང་། ཁྲེང་ཏུའུ་ཐེན་ཧྥུའུ་གནམ་ཐང་སོགས་རྒྱལ་སྤྱིའི་གནམ་ཐང་ནས་ཉིན་རེར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཆ་སྙོམས་མི་ཐེངས་ཁྲི་10.4དང་། ཁྲི་5.2 ཁྲི་5.2 ཁྲི་2.1 ཁྲི་1.9 ཁྲི་1.7བཅས་སོ་སོར་ཟིན་རྒྱུ་རེད། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གཡོད་ཀང་ཨའོ་ས་ཁུལ་གསུམ་གྱིས་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དང་བྱེད་སྒོ་ཆེ་གྲས་ཐེངས་མང་སྤེལ་རྒྱུ་དང་། རྒྱལ་སྒྲོལ་ཡུལ་སྐོར་དང་ཕ་ཡུལ་དུ་གཉེན་འཕྲད་ལ་འགྲོ་མཁན་མང་དུ་འགྲོ་རྒྱུ། ཤང་ཀང་དང་ཨའོ་མོན་གྱི་སྐམ་སའི་འགག་སྒོ་ནས་སྒྲོལ་མཁན་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་བཅས་རེད།
ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་གི་འགག་སྒོའི་མཐའ་སྲུང་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་རྒྱུདགོས་པའི་ཐད་ཆེད་མངགས་བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་སྒོ་སྒྲོལ་མཁན་འགྲུལ་པའི་མི་གྲངས་ལ་དབྱེ་ཞིབ་གཏིང་ཟབ་དང་ཞིབ་འཇུག་བརྡར་གཅོད་གནད་སྨིན་བྱེད་པ། འགག་སྒོ་སོ་སོའི་འགྲུལ་པ་མང་བའི་སྔོན་ཚུད་ཉེན་བརྡ་དུས་ཐོག་ཏུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་སྒྲུབ་སྒྲིག་འཛུགས་དང་། ཞིབ་བཤེར་བགྲོད་ལམ་འདང་ངེས་བཀོད་སྒྲིག ས་གནས་ས་ཐོག་ཏུ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་གང་མགྱོགས་འགག་སྒོ་སྒྲོལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། རོགས་ལས་གཞོགས་འདེགས་དམ་ཟབ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་སྡེ་ཚན་དང་མཉམ་དུ་འགྲུལ་པ་མང་དུས་ཀྱི་ལེ་ལག་ཚང་བའི་ཕྱོགས་བསྡུས་འགན་ལེན་ཡག་པོ་བྱེད་པ་དང་དྲག་ཆར་འབབ་པ་སོགས་ཐོན་སྲིད་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པར་དོགས་ཟོན་བྱས་ཏེ་ཐུན་མོང་ཐོག་བདེ་འཇགས་དང་། ནུས་ཆེ། བདེ་བླག་བཅས་ཀྱི་སྒོ་ནས་འགག་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།