བགྲང་བྱ་བཅུ་ལ་འབད་འབུངས་འོད་སྟོང་བཏོད། སྟོབས་ཤུགས་གཅིག་སྒྲིལ་འབྱུང་འགྱུར་ཕྱོགས་སུ་སྐྱོད།
—— ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་འཕྱོངས་རྒྱས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
གླེང་གཞི།
2016ལོར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ཡར་ཀླུང་ས་གཞི་ཆེན་པོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།
ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་། འཕྱོངས་རྒྱས་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཏེ། འགག་སྒྲོལ་དཀའ་སེལ་གྱི་ངར་ཤུགས་དང་། དམ་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དམངས་འཚོར་བཅངས་པའི་དྲོ་སྐྱིད་བཅས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
གྲངས་གཞི་ལས་འཕོ་འགྱུར་གྱི་བདེན་དཔང་བྱས་པ་སྟེ། རྫོང་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2015ལོའི་སྒོར་དུང་ཕྱུར་3.4ནས་2025ལོའི་སྒོར་དུང་ཕྱུར་9.24བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5.21ལྷག་ཙམ་དང་སྒོར་ཁྲི་2.62ལྷག་ཙམ་སོ་སོར་ཟིན་ཡོད། ད་ཆ་འཕྱོངས་རྒྱས་རྫོང་གི་ཐོན་ལས་དབྱར་མཚོ་རྒྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་མཚར་བ། དམངས་འཚོའི་བདེ་རྩ་ལེགས་སུ་ཕྱིན་པ། སྤྱི་ཚོགས་མཐུན་སྒྲིལ་བརྟན་ལྷིང་བཅས་ཡོད། ལོ་བཅུའི་རིང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དཔེ་རིས་གསར་པ་ཞིག་གསོན་ཉམས་དོད་པོས་མངོན་བཞིན་མཆིས།

འདི་ནི་ཡུལ་སྐོར་བས་ཆང་ཁྱིམ་གཞིས་ཀའི་མདུན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

འདི་ནི་འཕྱོངས་རྒྱས་རྫོང་གི་བྱིས་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པའི་འཕྱོངས་རྒྱས་འཇུ་བྲོ་འཁྲབ་བཞིན་པ།

འདི་ནི་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་50MWའགན་སྲུང་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་སྐྲུན་ཡུལ་ཡིན་པ།

འདི་ནི་འཕྱོངས་རྒྱས་རྫོང་གིས“རྒྱུག་ཤར་གློད་ཅིག འཕྱོངས་རྒྱས”ཞེས་པའི་རྒྱང་རྒྱུག་འགྲན་བསྡུར་གཉེར་བ།

འདི་ནི་ཧུའུ་པེ་རིག་ཚན་སློབ་གླིང་གི“སྐལ་བཟང་མེ་ཏོག”བོད་སྐྱོད་སློབ་སྐྱོར་ཚོགས་པ་ཁག་བཅོ་བརྒྱད་པས་འཕྱོངས་རྒྱས་རྫོང་དུ་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་འཕྱོངས་རྒྱས་རྫོང་གི་རྣམ་པ་ཡིན་པ།
“ཁྲང་དཀར་གྲོང་ཚོར་སྒོར་ཁྲི་16.12ལྷག་ཙམ་དང་། སྤུན་གསུམ་གྲོང་ཚོར་སྒོར་ཁྲི་15.96ལྷག་ཙམ། ཤ་གསོས་གྲོང་ཚོར་སྒོར་ཁྲི་11.14ལྷག་ཙམ”སོགས། 2025ལོའི་ལོ་འཁོར་གྱི་འཕྱོངས་རྒྱལ་རྫོང་གི་སྦྲང་གསོ་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོའི་ཐོག“སྦྲང་རྩིའི”ཁེ་སྤོགས་བགོ་བཤའ་བརྒྱབ་པ་ལས་ཡུལ་མི་མི་ཚོའི་བྱད་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར། དེ་ནི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པའི་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན་པ་མ་ཟད། འཕྱོངས་རྒྱས་རྫོང་གིས་རྣམ་གྲངས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
ལོ་བཅུའི་རིང་། འཕྱོངས་རྒྱས་རྫོང་གིས་བརྟན་ལྷིང་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་བརྩིས་ནས། དཔལ་འབྱོར་གྱི་སྤྱི་འབོར་བརྟན་པོའི་ངང་འཕར་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྣམ་གྲངས་295དོན་འཁྱོལ་བྱུང་ནས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་23.9བཏང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་རྣམ་གྲངས་114ལ་མུ་མཐུད་སྐུལ་འདེད་བཏང་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་28.4བཏང་བས། གཙོ་གནད་ལས་གྲྭ་རེ་རེས་རྫོང་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རྫོང་ཡོངས་ཀྱིས་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་བཏང་བས། ལོ་རེའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98%ཡན་བརྟན་པོ་བྱུང་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.6ལྷག་ཙམ་ཟིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་རྗེས་ཟིན་པ་དང་འབབ་འཕར་གྱི་ལམ་བུའང་དེ་བས་ཡངས་སུ་ཕྱིན་ཡོད། སློབ་གསོའི་བྱ་གཞག་བརྟན་པོའི་ངང་ཡར་རྒྱས་བྱུང་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་སྤུས་ཚད་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་མདུན་གྲལ་དུ་སླེབས་ཏེ་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་གྱི་རྫོང་ལ་བདམས་ཐོན་བྱུང་ཡོད། སྨན་བཅོས་ཞབས་ཞུ་རྒྱུན་མཐུད་ངང་རིམ་སྤོར་བྱུང་བ་དང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་དང་རྫོང་ལྟེ་བའི་སྨན་ཁང་སྒོ་བྱང་བཀལ་ནས་བཙུགས་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་སྲུང་གིས་ཐད་ཀར་རྩིས་ཞུ་ཕྱོགས་ཡོངས་ནས་ཐུབ་པ། རྫོང་མི་དམངས་སྨན་ཁང་གི“ཁ་པ་རིམ་པ་གཉིས་པའི”སྨན་ཁང་དང་རྫོང་སྨན་རྩིས་ཁང་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་རྫོང་ལ་བདེ་བླག་ངང་འཛུགས་གཏོད་བྱས་པས། མང་ཚོགས་ཀྱིས་སྨན་པ་དེ་བས་བསྟེན་བདེ་རུ་དང་བདེ་ཐང་ཐད་དེ་བས་འགན་སྲུང་ཐུབ་ཡོད།
སྤྱི་ཚོགས་འགན་སྲུང་མ་ལག་ཚགས་དམ་དུ་དང་བརྟན་དུ་བཏང་ཞིང་། རྫོང་ཡོངས་ཀྱི་འགན་བཅོལ་ཆེ་གྲས་ལྔའི་ནང་ཞུགས་ཚད་97%ཡན་རྒྱུན་འཁྱོངས་ཐུབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། “རྒན་གཅིག་གཞོན་གཅིག” གི་སྤྱི་ཚོགས་རོགས་སྐྱོབ། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་འགན་སྲུང་བཅས་དོན་འཁྱོལ་གནད་སྨིན་ཐུབ་ཡོད།
ཆང་ཁྱིམ་གྲོང་ཚོར་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པར་རིས་མངོན་གསལ་ལྷག་པར་དོད་པ་དང་། ཡུལ་མི་དབར་ཕན་ཚུན་རོགས་རམ་དང་འཆམ་མཐུན་མཉམ་གནས་བྱས་ཏེ་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བཞིན་ཡོད།
འཕྱོངས་རྒྱས་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་ལ་ཐེངས་4བདམས་པ། རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་བྱ་དགའ་མཐོ་ཤོས“ཁྲང་ཨན་བུམ་པ”ཐེངས་2ཐོབ་ཡོད། ཆང་ཁྱིམ་གྲོང་ཚོ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཚོར་བདམས་པ་དང་། ལྷ་ཡུལ་ཤང་མངགས་གཏོང་ཁང་ལ་ལྗོངས་ཡོངས་ཀྱི་ཕུལ་བྱུང་སྤྱི་བདེའི་གཞི་རིམ་ཚན་པ་དང་། བོད་ཀྱི་ཁག་གཉིས་པའི་ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང་། རྫོང་སྤྱི་བདེ་ཅུས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བཅས་སུ་བདམས་ནས་མཐུན་སྒྲིལ་ཡར་ཐོན་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།
འཕེལ་རྒྱས་ནི་དངོས་སྒྲུབ་ལ་བརྟེན་ནས་བྱུང་བ་དང་ཕུགས་འདུན་འགྲུབ་པར་འབད་འཐབ་བྱེད་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་འཕྱོངས་རྒྱས་རྫོང་གིས་ཡིད་ཆེས་བརྟན་གཏོང་དང་། གོ་སྐབས་དམ་འཛིན། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་ཆེད་འབུལ་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།