ཁྲུང་ཆིང་གི་བོད་སྐྱོར་བུད་མེད་སྨན་པ་ཆུས་ཆིང་ཧྭ་ཡིས་བརྗོད་དོན།
བོད་སྐྱོར་ལས་ཡུན་ཚར་དུས་ཡོད། བོད་ལ་དགའ་ཞེན་རྫོཌ་མཐའ་མེད།
2025ལོའི་ཟླ་8ཚེས་28ཉིན་གྱི་ཆུ་ཚོད་18དང་སྐར་མ་15ཡི་ཐོག ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དོས་དྲག་སྡེ་ཁག་ལ་བྲག་གཡབ་རྫོང་མི་དམངས་སྨན་ཁང་གི་ཛ་དྲག་རོགས་སྐྱོབ་ཁ་པར་ཞིག་འབྱོར་འཕྲལ་ཉེན་ཆེ་ནད་ལྕིའི་ནད་པ་མྱུར་སྐྱོབ་ཀྱི་ཤར་བགྲོད་མགྱོགས་ལམ་བཏོད་པར། དོས་དྲག་སྡེ་ཁག་དང་། མོ་ནད་དང་བུ་བཙའི་སྡེ་ཁག སྒྲ་འདས་སྡེ་ཁག་སོགས་སྡེ་ཁག་མང་པོས་མགྱོགས་མྱུར་གྲ་སྒྲིག་ལེགས་པར་བྱས། མོ་ནད་དང་བུ་བཙའི་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་ཆུས་ཆིང་ཧྭ་ཡིས་འཕྲལ་དུ་མྱུར་སྐྱོབ་ཚོགས་པ་བཙུགས་ནས་མྱུར་སྐྱོབ་ཇུས་གཞི་བཟོས་པ་རེད།
2025ལོའི་ཟླ་7པར། རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་ཁྲུང་ཆིང་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་བུད་མེད་སྡེ་ཁག་བཞི་པའི(བུད་མེད་སྡེ་ཁག་གི་གསང་རྒྱུད་ནང་ཟགས་སྡེ་ཁག)སྨན་པ་ཆུས་ཆིང་ཧྭ་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པར་ཞུགས་ནས་ཆབ་མདོར་ཡོང་སྟེ་དུས་ཡུན་ལོ་གཅིག་གི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས།
མོ་ནད་དང་བུ་བཙའི་སྡེ་ཁག་ཏུ་ལས་ཀ་བྱས་ནས་ལོ་22སོང་རིང་། ཆུས་ཆིང་ཧྭ་ཡིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ཅིང་། ཆབ་མདོར་མོ་ནད་དང་བུ་བཙའི་སྡེ་ཁག་གི་ཆེད་ལས་ཤེས་ལྡན་པ་དཀོན་པ་ཤེས་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད།
ས་མཐོར་སླེབས་མ་ཐག་པའི་དགའ་ཚོར་ལས་གནས་སྐབས་གཟུགས་པོ་མི་བདེ་བའི་སྣང་བའང་ཡལ། ཡངས་ཤིང་རྒྱ་ཆེ་བའི་སྤོམ་མདའ་རྩྭ་ཐང་དང་། འབྲི་གཡག་ཁྱུ་ཚོགས། གཙང་སྦྲ་དོད་པའི་གྲོང་ཁྱེར་བཅས་ལས་ཁོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད་ལ། ལྷག་པར་དུ་ཆབ་མདོའི་གང་སར་མཐོང་རྒྱུ་ཡོད་པའི“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”དང“ཆབ་མདོས་ཁྱེད་ལ་བསུ་བ་ཞུ”ཞེས་པ་ལ་སོགས་སྦྱར་ཡིག་ལས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། “ཆབ་མདོར་དངོས་སུ་སླེབས་མེད་ཀྱང‘ཏང་གི་འོད་སྟོང་མཐའ་མཚམས་ཡུལ་ལ་འཕྲོ’ཞེས་པའི་ཡིག་འབྲུ་དེ་དག་ངའི་ཡིད་ལ་ཝ་ལེར་འཆར་བྱུང”ཞེས་ཆུས་ཆིང་ཧྭ་ཡིས་བཤད།
ལས་གནས་སུ་སླེབས་རྗེས་ཆུས་ཆིང་ཧྭ་ཡིས་སྨན་ཁང་གི་མཁྲེགས་ཆས་ཡག་པོ་ཡོད་མོད། འོན་ཀྱང་ས་གནས་དེ་གའི་བུད་མེད་ཀྱི་བདེ་ཐང་གི་འདུ་ཤེས་ཞན་པ་དང་། སྡེ་ཁག་ལ་སྨན་པ་མི་འདང་བ། ཞིབ་ཚགས་ཅན་གྱི་དོ་དམ་ཡག་པོ་མེད་པ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དོན་ཐོག་ཏུ་མི་འཁྱོལ་བ་བཅས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བས་ཁོང་གིས་འཕྲལ་མར་ལས་ཀའི་ནང་ཞུགས་ཏེ་རྒྱུན་མཐོང་གི་ནད་གཞི་དང་དེ་བཞིན་རྩད་ཆོད་དཀའ་བའི་ནད་གཞི་སྨན་བཅོས་དང་མོ་ནད་རྨ་ཆུང་གཤགས་བཅོས་སོགས་བྱས་པ་མ་ཟད། ད་དུང་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མོ་ནད་དང་བུ་བཙའི་སྡེ་ཁག་གི་སློབ་དཔྱོད་ཁང་བཙུགས་པ་དང་། བོད་ཤར་རྒྱུད་ས་ཁུལ་གྱི་སྐབས་དང་པོའི་མོ་ནད་སྡེ་ཁག་གི་གསང་རྒྱུད་ནང་ཟགས་ནད་དང་མངལ་མི་འཁོར་བའི་ཚད་ལྡན་གྱི་ནད་བརྟག་སྨན་བཅོས་ཀྱི་དྲ་ཐོག་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
2025ལོའི་ཟླ་8པར། ཆུས་ཆིང་ཧྭ་ཡི་མཛུབ་ཁྲིད་འོག ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་མོ་ནད་དང་བུ་བཙའི་སྡེ་ཁག་གི་ཚོགས་པར་གྲོང་ཁྱེར་རིམ་པའི་བུད་མེད་དང་བྱིས་པའི་བདེ་ཐང་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཁྲོད་མི་སྒེར་གྱི་ཨང་དང་པོ་དང་ཨང་གསུམ་པ་དང་། དེ་བཞིན་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། ཁོང་མི་སྒེར་ལའང“ཕུལ་བྱུང་གི་མཛུབ་ཁྲིད་བྱ་དགའ”ཐོབ་ཡོད། ལོ་དེའི་ཟླ་10པར་ཁོང་གིས་བོད་ཤར་རྒྱུད་ས་ཁུལ་དུ་ལི་སྨི་30ཡོད་པའི་བསམ་བསེའུ་རྣག་སྐྲན་གྱི་རྨ་ཆུང་གཤགས་བཅོས་ཐོག་མ་བྱས་པ་དེ་ཐོག་ནས་སྨན་ཁང་དེའི་མོ་ནད་སྡེ་ཁག་གི་རྨ་ཆུང་གཤགས་བཅོས་ལག་རྩལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
བོད་སྐྱོར་བྱས་ནས་ཉིན་300ལྷག་ཙམ་སོང་རིང་། ཁོང་གིས་ངལ་གསོ་མེད་པར་མོ་ནད་ཀྱི་རྨ་ཆུང་གཤགས་བཅོས་ཐེངས་100ལྷག་ཙམ་བྱས་ཏེ་མོ་ནད་སྡེ་ཁག་གི་ཚད་ལྡན་ནད་བརྟག་སྨན་བཅོས་ཀྱི་དཔེ་དབྱིབས་བཟོས་པ་དང་། རྒན་གསོ་ཁང་དང་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ། སློབ་གྲྭ་དང་དངུལ་ཁང་དུ་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ། ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་པར་ལེན་སོགས་བྱས་ཡོད།
མཐོང་ཐུབ་པའི་དགའ་འོས་པའི་འགྱུར་ལྡོག་ལས་ཁོང་བློ་སེམས་བདེ་བར་འགྱུར་བ་སྟེ། ས་གནས་དེ་གའི་བུད་མེད་ཀྱི་བདེ་ཐང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། མོ་ནད་ཀྱི་རྨ་ཆུང་གཤགས་བཅོས་གྲངས་འབོར་མང་དུ་སོང་བ། མོ་ནད་གསང་རྒྱུད་ནང་ཟགས་ཀྱི་ནད་བརྟག་སྨན་བཅོས་སྔར་བས་ཚད་ལྡན་དུ་ཕྱིན་པ། སྡེ་ཁག་གི་ཚོགས་ཆུང་ཁག་བགོས་དོ་དམ་ཉིན་རེ་བཞིན་ཞིབ་ཚགས་སུ་ཕྱིན་པ་སོགས་རེད།
ཉིན་མཚན་300ལྷག་ཙམ་རིང་གི་དཀའ་སྤྱད་འབད་བརྩོན་ལས་ས་གཞི་འདིར་བརྩེ་བ་ཟབ་མོ་ཆགས་ཡོད་ཅིང་། མིག་སྔར་བོད་སྐྱོར་ལས་དོན་མཇུག་འགྲིལ་ཉེར་ཡོད་པས། ཆུས་ཆིང་ཧྭ་ཡིས་སྔར་བཞིན་ཉིན་ལྟར་ཆབ་མདོའི་ནད་ཁང་དུ་ནད་བརྟག་སྨན་བཅོས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཁོང་གི་སེམས་སུ“ཏང་གི་འོད་སྟོང་མཐའ་མཚམས་ཡུལ་ལ་འཕྲོ”ཞེས་པའི་ཡིག་འབྲུ་དག་སྔར་བཞིན་བརྟན་པོར་ངེས་ཡོད། ཁོང་གི་བོད་སྐྱོར་ལས་ཡུན་ཚར་དུས་ཡོད་ཀྱང་བོད་ལ་དགའ་ཞེན་རྫོགས་མཐའ་མེད།
འབྲེལ་ཡོད་གསར་འགྱུར།