གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
ཉེ་ཆར་གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཟླ་9ཚེས་1ཉིན་དངོས་སུ་ལག་ལེན་བསྟར་རྒྱུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
《སྲོལ་ཡིག》ལ་ཁྱོན་ལེའུ་བརྒྱད་ཡོད་པའི་ནང་སྤྱིའི་རྩ་དོན་དང་། སྤོ་མི་རུང་བའི་རིག་དངོས། གནའ་རྫས་རྟོག་ཞིབ་དང་སྔོག་འདོན། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་དམངས་ཁྲོད་དུ་ཉར་ཚགས་བྱས་པའི་རིག་དངོས། ཞིབ་འཇུག་དང་བེད་སྤྱོད། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ཀྱི་ནང་དོན་ཚུད་ཡོད། དེའི་དམིགས་ཡུལ་ནི་རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ། ཚན་རིག་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བ། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་བྱ་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་དངོས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཁྲིམས་སྲོལ་དང་། ལམ་ལུགས། མ་ལག་བཅས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རང་ལྗོངས་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།