དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་སྒྲུབ་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-19

    ● ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་སོགས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་སྤེལ་ནས་ལོ་30སོང་རིང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཏེ། རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་སྤེལ་བའི་ལོ་དང་པོའང་རེད། ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་སོགས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ནས་རོགས་ལས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་ལས་བྱ་ཐབས་ལེགས་སུ་གཏོང་བ། རོགས་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཐོན་ལས་གསབ་རེས་དང་། མི་སྣ་འགྲོ་འོང་། ལག་རྩལ་སློབ་རེས། ལྟ་བ་བརྗེ་རེས། སྤྱོད་བཟང་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཉིས་ཕན་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་དགོས།

    ཚེས་17ཉིན། རྒྱལ་ཡོངས་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཚོགས་འདུ་ཉིང་ཞ་དབྱིན་ཁྲོན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་སོགས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཐོན་ལས་མཉམ་ལས་དང་ངལ་ལས་རོགས་ལས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་ལས་བྱེད་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་དང་དངུལ་རྩ་སོགས་ཀྱི་རོགས་ལས་རྒྱ་སྐྱེད་གཏོང་བ། ཡུལ་བབ་དང་བསྟུན་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ། རོགས་ལས་ཀྱི་སྤུས་ཕན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལེགས་ཆ་གསབ་རེས་དང་། ཕྱོགས་གཉིས་མཐུན་རྐྱེན་སྦྱོར་བ། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དང་ཧྥུའུ་ཅན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས་ཧྥུའུ་ཅན་དང་ཉིང་ཞ་རོགས་ལས་ཀྱི་ཉམས་མྱོང་དང་བྱ་ཐབས་ངོ་སྤྲོད་བྱས་པ་དང་། པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུར་གཏམ་བཤད་སྤེལ་བ་རེད།

    ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ཀྱི་ལས་འགན་འཁུར་མཁན་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་ཞུགས་ཚན་པ་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།