སེ་ཀྲུང་ཞིང་ལས་མཉམ་ལས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་འཆར་གཞི་གསར་པ་མཉམ་དུ་བཀོད་པ།

ཨ་པི་པུ·ཏི་ཡཱ།
འབྲུ་རིགས་བདེ་འཇགས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཚོ་གནས་དང་འཕེལ་རྒྱས་ཁེ་དབང་དང་ཐད་ཀར་འབྲེལ་བ་ཡོད་ལ། སེ་ནེ་ཀལ་གྱི་ངོས་ནས་བརྗོད་ན་ཧ་ཅང་དགོས་གཏུགས་ཆེ་བ་ཞིག་རེད། ཨ་ཧྥེ་རི་ཁ་ནུབ་མའི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། སེ་ནེ་ཀལ་ལ་ས་བཅུད་འཛོམས་པའི་གྲོག་རོང་དང་ལོ་རྒྱུས་ཡུན་རིང་ལྡན་པའི་སོ་ནམ་རིག་གནས་ཡོད་རུང་། འབྲུ་རིགས་ཡུན་རིང་ནང་འདྲེན་བྱེད་དགོས་ཀྱི་ཡོད། མི་འབོར་འཕར་སྣོན་དང་ཐོན་ཁུངས་ཚོད་འཛིན་གྱི་ཉིས་བརྩེགས་གནོན་ཤུགས་འོག་ཇི་ལྟར་བྱས་ནས་འབྲུ་རིགས་རང་བརྟེན་ཡོང་བ་དང་ནང་འདྲེན་ལ་བསྙེས་རྟེན་བྱེད་མི་དགོས་པ་དེ《སེ་ནེ་ཀལ་གྱི་2050ལོའི་ཕུགས་འདུན》གྱི་གྲོས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་9%ཡང་མ་ཟིན་པའི་རྨོ་ཞིང་ལ་བརྟེན་ནས་འཛམ་གླིང་གི་མི་འབོར་20%ཙམ་འཚོ་སྐྱོང་བྱས་ཏེ་སེ་ནེ་ཀལ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་མཁོ་འདོན་བྱས་ཡོད། ས་ཞིང་ལམ་ལུགས་གསར་གཏོད་ལ་བརྟེན་ནས་རྨོ་འདེབས་ཀྱི་གསོན་ཤུགས་འཕེལ་བ་དང་། ཞིང་ལས་ཚན་རྩལ་ལ་བརྟེན་ནས་ས་ཞིང་གི་ཐོན་འབབ་མཐོ་རུ་གཏོང་བ། བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཐོན་ལས་ཕྱོགས་སྒྱུར་ཡོང་བ་བཅས་བྱས་པས། ཀྲུང་གོའི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་དཀའ་གནད་སེལ་བར་དངོས་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད།
ལམ་ལུགས་གསར་གཏོད་ནི་ཞིང་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་པའི་རྨང་གཞི་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། ཀྲུང་གོས་ཁྱིམ་ཚང་གི་ཐོན་སྦྲེལ་ལས་འགན་གཙང་ལེན་ལམ་ལུགས་ཁྱབ་གདལ་བཏང་ནས། ས་ཞིང་ཐུན་མོང་ལ་དབང་བ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་པར་ཡུན་རིང་བརྟན་པོའི་ས་ཞིང་སྤྱོད་དབང་སྤྲད་པས་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཏེ། དུས་ཐུང་ནང་དམངས་ཚོགས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་དཀའ་གནད་ཐག་གཅོད་ཐུབ་ཡོད། ལམ་ལུགས་ཇུས་འགོད་འདིས་ས་ཞིང་སྒེར་དབང་ཅན་ལས་འབྱུང་སྲིད་པའི་ཞིང་པའི་ས་ཞིང་ཤོར་བའི་ཉེན་ཁ་བསལ་ཡོད་ལ། ཞིང་ལས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་ལམ་ལུགས་ཀྱི་རྨང་གཞི་ཡང་བཏིང་ཡོད། སེ་ནེ་ཀལ་གྱི་མིག་སྔའི་ས་ཞིང་ལམ་ལུགས་ཐད་རྒྱལ་ཁབ་ལ་དབང་བ་དང་སྲོལ་རྒྱུན་གོམས་གཤིས་ཀྱི་བདག་ཁོངས་མཉམ་དུ་གནས་པའི་རྣམ་པ་མངོན་པས། བཅའ་ཁྲིམས་ཀྱི་གཏན་འབེབས་དང་སྤྱི་ཚོགས་ཀྱི་ལག་ལེན་དབར་ལྡོག་ཤུགས་ངེས་ཅན་ལྡན་ཡོད། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རང་ཡུལ་གྱི་སྲོལ་རྒྱུན་ས་ཞིང་སྤྱོད་དབང་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ལ་སྡེབ་སྒྲིལ་བྱས་ཚེ་ཞིང་དུད་ཆུང་གྲས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཐུབ་པ་དང་དེའི་མ་དངུལ་བསྡུ་སྒྲིལ་བྱེད་ནུས་ཆེ་རུ་ཕྱིན་ཏེ་ཞིང་དུད་ཆུང་གྲས་དེང་རབས་ཞིང་ལས་ཐོན་ལས་འཁོར་འབྲེལ་དང་མཉམ་འདྲེས་ཐུབ་པར་རམ་འདེགས་བྱེད་ཐུབ་ལ། རང་རྒྱལ་ཁབ་ཀྱི་ཞིང་ལས་ཚད་ལྡན་ཅན་འཕེལ་རྒྱས་ལ་ཡང་སྐུལ་འདེད་གཏོང་ཐུབ། གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྐོར་གྱི་ཀྲུང་གོའི་ལམ་ལུགས་ཀྱི་བློ་གྲོས་འདིར་ཁྱད་ལྡན་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱེད་བཞིན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ཞིབ་འཇུག་དང་དཔྱད་གཞིར་འཛིན་རིན་ཡོད།
ཚན་རྩལ་ཡར་ཐོན་ནི་ཞིང་ལས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བའི་འགག་རྩའི་འདེགས་སྐྱོར་ཡིན་ཞིང་། རྨོ་ཞིང་གི་ཐོན་ཁུངས་ཚད་བཀག་ཡོད་པའི་ཆ་རྐྱེན་འོག་ཀྲུང་གོས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སོན་བཟང་གསོ་སྤེལ་དང་། ཞིང་ཆུ་འདྲེན་ཡུལ་སྒྱུར་བཀོད། ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་ཐོན་འབབ་རྒྱུན་མཐུད་བརྟན་པོ་འཕར་བར་བྱས་ཡོད། གནད་སྨིན་འཐུས་ཚང་གི་ཉམས་མྱོང་འདི་སེ་ནེ་ཀལ་དུ་དོན་འཁྱོལ་དང་བཀོལ་སྤྱོད་ཐུབ་ནས་གྲུབ་འབྲས་ཏན་ཏིག་ཐོབ་ཡོད། ཤ་མོ་གསོ་རྩྭའི་ལག་རྩལ་ནི་སེ་ནེ་ཀལ་དང་ཀྲུང་གོའི་ཞིང་ལས་ཚན་རྩལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་ཞིང་། ལག་རྩལ་དེས་རྩྭ་རིགས་ཀྱིས་ལྗོན་ཤིང་གི་ཚབ་བྱས་པས། བཟའ་བྱའི་ཤ་མོ་གསོ་སྤེལ་ཐུབ་པ་མ་ཟད། སྤྲི་དཀར་མང་བའི་གཟན་རྩྭ་ཡང་ཐོན་སྐྱེད་ཐུབ་ནས་འདེབས་གསོའི་ཐོན་ལས་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། སེ་ནེ་ཀལ་རོང་ཁུལ་གྱི་ཞིང་དུད་མི་ཉུང་བ་ཞིག་ལ་ཤ་མོ་གསོ་རྩྭ་འདེབས་འཛུགས་བྱེད་པར་བརྟེན་ནས་ཡོང་འབབ་སྣ་མང་བྱུང་ཡོད། མིག་སྔའི་བར། ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་200ལྷག་ཙམ་སེ་ནེ་ཀལ་གྱི་ས་གནས་ཁག་ཏུ་གཞི་ཚུགས་ནས་ས་གནས་དེ་གའི་ཞིང་དུད་ལ་སྤྱོད་གོ་ཆོད་པའི་ཐོན་སྐྱེད་ལག་རྩལ་དམར་ཁྲིད་བྱས་ཏེ། ཞིང་ལས་ཐོན་འཕར་དང་ཞིང་པར་ཡོང་འབབ་འཕར་བར་རམ་འདེགས་བྱས་ཡོད། ལག་རྩལ་ཁྱབ་གདལ་དང་རང་ཡུལ་ནུས་པ་ཆེར་གཏོང་ལ་བརྟེན་པས་གཞི་ཁྱོན་ཆུང་བའི་རྨོ་ཞིང་གིས་ཀྱང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཛུགས་སྐྱོང་གི་དམིགས་ཚད་ལ་འདེགས་སྐྱོར་ཐུབ་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད།
དུས་ཡུན་རིང་པོའི་ནང་། ལམ་ལུགས་ཀྱི་ཉམས་མྱོང་འབྲེལ་མཐུད་བྱེད་པ་དང་ཞིང་ལས་ལག་རྩལ་ལ་མཐུན་རྐྱེན་སྦྱོར་བ་ནས་ཕྱོགས་གཉིས་པོའི་ཚོང་དོན་རྒྱ་སྐྱེད་གཏོང་བ་དང་ཐོན་ལས་མ་འཇོག་ཟབ་ཏུ་གཏོང་བའི་བར་དང་། དེ་ནས་དམངས་འཚོའི་རོགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བར། སེ་ཀྲུང་རྒྱལ་ཁབ་གཉིས་པོས་ཞིང་ལས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་དངོས་སྒྲུབ་ནུས་ཆེ་དང་རྒྱུན་མཐུད་ཐུབ་པའི་མཉམ་ལས་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཡོད། རྒྱུན་མཐུད་ཟབ་ཏུ་འགྲོ་བཞིན་པའི་སེ་ནེ་ཀལ་དང་ཀྲུང་གོའི་ཞིང་ལས་མཉམ་ལས་ཀྱིས་སེ་ནེ་ཀལ་ལ《སེ་ནེ་ཀལ་གྱི་2050ལོའི་ཕུགས་འདུན》གྱི་འབྲུ་རིགས་རང་བརྟེན་དམིགས་ཚད་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་ཐུབ་སྟེ་ཡུན་རིང་འདྲིས་པའི་ཧྥེ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་མངོན་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་གསོན་ཉམས་དོད་པའི་ལག་ལེན་གྱི་མ་དཔེ་ཡང་མཁོ་འདོན་བྱས་ཡོད།
(རྩོམ་པ་པོ་ནི་སེ་ནེ་ཀལ་གྱི་དྲིལ་བསྒྲགས་གློག་འཕྲིན་གྲངས་འཛིན་པུའུ་གསར་འགྱུར་སིའི་སི་ཀྲང་ཡིན་པ)
འབྲེལ་ཡོད་གསར་འགྱུར།