ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ཇི་ལྟར་བྱེད་དགོས་སམ།
མངགས་སྐྱེལ་བ་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། མྱུར་སྐྱེལ་བ་ལ་སོགས་ཁྲོམ་གཞུང་དང་སྲང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་དེ་དག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་སྟོབས་ཤུགས་གལ་ཆེན་ཞིག་རེད། ཁོང་ཚོའི་ཁེ་དབང་འགན་སྲུང་བྱེད་པ་དེས་སྤྱི་ཚོགས་བཅོས་སྐྱོང་གི་བློ་གྲོས་དང་ཕན་འབྲས་ལ་ཞིབ་དཔྱད་བྱེད་བཞིན་ཡོད།
རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་བཞིས་མཉམ་དུ《ལས་སྟེགས་ཀྱི་ངལ་རྩོལ་སྒྲིག་སྲོལ་དང་རྩིས་ཐབས་ཀྱི་གྲོས་མོལ་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》(གཤམ་དུ《མཛུབ་ཁྲིད》ཅེས་བསྡུ་རྒྱུ)བཀྲམ་ནས། ལས་སྟེགས་ཁེ་ལས་ཀྱིས་རྩིས་ཐབས་སྒྲིག་སྲོལ་དང་ངལ་རྩོལ་སྒྲིག་སྲོལ་གྱི་གྲོས་མོལ་ཚད་ལྡན་དུ་བཏང་ཡོད།
ལུགས་དང་མི་མཐུན་པའི་མངགས་ཐོ་འཕྲད་ན་ཇི་ལྟར་བྱེད་དགོས་སམ། “ལམ་བར”གྱི་མི་ལུས་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་སམ། ངལ་གསོ་ས་དང་ཟ་མ་ཟ་སའི་ཁོར་ཡུག་ལེགས་བཅོས་ཇི་ལྟར་བྱེད་དགོས་སམ། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་ལེན་གྱི་གནད་དོན་ལ་དམིགས་ནས་གསར་འགོད་པས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།
སྐབས་འགར་མངགས་ཐོ་ལུགས་དང་མི་མཐུན་པས་རྩིས་ཐབས་ལེགས་སྒྱུར་བྱེད་ཆོག་གམ།
ཀློག་པ་པོའི་དོ་ཁུར། ང་ནི་མངགས་སྐྱེལ་བ་ཞིག་ཡིན། སྐབས་རེ“ཐག་རིང་གི་མངགས་ཐོ”དང“བཙན་ཤེད་ཀྱི་མངགས་ཐོ”སོགས་འཕྲད་སྐབས་ལས་སྟེགས་ཀྱི་རྩིས་ཐབས་དེ་བས་ལུགས་མཐུན་ཡོང་བ་ཇི་ལྟར་བྱེད་དགོས་སམ།
འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། 《མཛུབ་ཁྲིད》ཀྱིས་ལམ་ལུགས་ཀྱི་རིམ་ངོས་ནས་ལས་སྟེགས་ཁེ་ལས་ཀྱིས་རྩིས་ཐབས་སྒྲིག་སྲོལ་ལ་རྦད་དེ་གཙོ་ཁྲིད་བྱེད་པའི་རྣམ་པ་མེད་པ་བཟོས་ཏེ། “ངལ་རྩོལ་པའི་རེ་ཞུར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད”
མངགས་ཐོ་ཇི་ལྟར་བགོ་བ་དང་། ཡོང་འབབ་དང་འཐེན་ཆ་ཇི་ལྟར་བརྩི་བ། སྡེབ་སྐྱེལ་དུས་ཚོད་དང་ལམ་ཐིག་ལུགས་དང་མཐུན་མིན་སོགས་ཚང་མ་རྩིས་ཐབས་གྲོས་མོལ་གྱི་གྲོས་དོན་ནང་འཇུག་ཆོག གྲོས་མོལ་དེར་ངལ་རྩོལ་པ་དང་ལས་སྟེགས་ཕྱོགས་གཉིས་པོས་འཐུས་མི་འདེམས་གཏོང་བྱེད་དགོས་པ་སྟེ། ངལ་རྩོལ་པའི་འཐུས་མི་བཟོ་ཚོགས་ཀྱིས་འོས་སྦྱོར་བྱེད་ཆོག་ལ་རང་ཉིད་ཀྱིས་མིང་ཐོ་བཀོད་ནའང་ཆོག ལས་སྟེགས་ཀྱིས་རྩིས་ཐབས་ཞིབ་འཇུག་གསར་སྤེལ་སོགས་སྡེ་ཚན་གྱི་འགན་འཁུར་བ་གྲོས་མོལ་ནང་ཞུགས་སུ་འཇུག་རྒྱུ་རེད།
གྲོས་མོལ་ནི་ཁྲལ་སེལ་སླ་བཅོས་ཙམ་མ་ཡིན་པར་དངོས་འབྲེལ་གོ་ཆོད་པ་ཞིག་དགོས། 《མཛུབ་ཁྲིད》ནང་ལས་སྟེགས་ཀྱིས་ངེས་པར་དུ་གྲོས་མོལ་བྱས་འབྲས་དེ་ལམ་ལུགས་ཀྱི་དོན་ཚན་དང་དོ་དམ་སྒྲིག་སྲོལ་དུ་ཞིབ་ཚགས་སུ་བཏང་ནས་ཐབས་ཇུས་དང་རྩིས་ཐབས་འཁོར་རྒྱུག་གི་བརྒྱུད་རིམ་ཧྲིལ་པོར་འཇུག་དགོས། 2025ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐུལ་འདེད་ཧུར་ཐག་འོག ལས་སྟེགས་ཁེ་ལས་15ཡིས་རྩིས་ཐབས་དང་ངལ་རྩོལ་སྒྲིག་སྲོལ་ལ་གྲོས་མོལ་བྱས་པ་དང་འབྲེལ། ཆེད་དོན་གྲོས་མཐུན་ཡང་བཞག་པས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་2000ལྷག་ཙམ་ལ་ཁྱབ་ཡོད།
ལམ་བར་གྱི་མངོན་མེད་ཉེན་ཁ་དང་མི་ལུས་བདེ་འཇགས་འགན་སྲུང་ཇི་ལྟར་བྱེད་དགོས་སམ།
ཀློག་པ་པོའི་དོ་ཁུར། མངགས་སྐྱེལ་བར་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་ཇི་ལྟར་བྱེད་དགོས་སམ། ཆེད་དམིགས་འགན་སྲུང་ཡོད་དམ།
ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་རྨས་སྐྱོན་འགན་སྲུང་ནང་ཞུགས་ཆོག འགན་སྲུང་དེ་ནི་ལས་སྟེགས་ཀྱིས་མ་དངུལ་གཏོང་བ་དང་མངགས་ཐོར་གཞིགས་ནས་གྲོན་དངུལ་འཇལ་དགོས་ཤིང་། མངགས་ཐོ་ཚང་མར་ངེས་པར་དུ་འགན་སྲུང་ཡོད་པ་དང་། མི་ཚང་མར་ངེས་པར་དུ་འགན་སྲུང་ཡོད་པ། ལས་འགན་གཅིག་ལྕོགས་ཡིན་མིན་གྱི་དབྱེ་བ་མེད་པ། མི་སྒེར་གྱིས་གྲོན་དངུལ་འཇལ་མི་དགོས། ལས་འཛོལ་ཐོན་རྗེས་ངལ་རྩོལ་པས་ལས་སྟེགས་ཀྱི“མཐེབ་གནོན་གཅིག་གི་གྱོད་དོན་སྙན་སེང”བརྒྱུད་ཞིབ་བཤེར་གཏན་འཁེལ་བྱས་རྗེས་སྨན་བཅོས་སོགས་འབྲེལ་ཡོད་འགན་ལེན་དང་ཐོབ་ཐང་ལོངས་སུ་སྤྱོད་ཆོག
2022ལོའི་ཟླ་7པར་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་རྨས་སྐྱོན་འགན་སྲུང་ཚོད་ལྟ་བྱས་ཚུན། མིག་སྔར་རིམ་རྩིས་བརྒྱབ་ན་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་2700ལྷག་ཙམ་ཟིན་པ་དང་། ད་ལོ་ཚོད་ལྟའི་ཞིང་ཆེན་མུ་མཐུད་རྒྱ་སྐྱེད་བཏང་ནས་ཞིང་ཆེན་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད།
ཁྲོམ་གཞུང་དང་སྲང་ལམ་རྒྱུད་དུ་ངལ་གསོ་ས་མང་ཙམ་བཀོད་སྒྲིག་བྱས་ན་འགྲིག་གམ།
ཀློག་པ་པོའི་དོ་ཁུར། མངགས་སྐྱེལ་བ་ཚོ་ལོ་འཁོར་མོར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས། འོན་ཀྱང་ངལ་གསོ་རྒྱག་པ་དང་ལྟོ་ཆས་ཟ་བར་སྟབས་བདེ་པོ་མེད་པས་དེ་ལེགས་བཅོས་ཇི་ལྟར་བྱེད་དགོས་སམ།
འགན་འཁུར་བ་དེས་བཤད་དོན། མིག་སྔར་རྒྱལ་ཡོངས་སུ་བཟོ་ཚོགས་ས་ཚིགས་ཁྲི་15ལྷག་ཙམ་བསྐྲུན་ཟིན་པ་དེ་དག་མང་ཆེ་བ་ཚོང་ལས་ཁུལ་དང་། སྡེ་ཁུལ། འགྲིམ་འགྲུལ་ས་ཚིགས་སོགས་སུ་བཙུགས་ཡོད་ཅིང་ཐོ་འགོད་མི་དགོས་པར་རིན་མེད་ངང་སྒོ་ཕྱེ་ཡོད།
ཉེ་བའི་ལོ་ཤས་རིང་། བཟོ་ཚོགས་ས་ཚིགས་ཞབས་ཞུ་ཉིན་རེ་བཞིན་སྣ་མང་དུ་བཏང་ཞིང་། ཆུ་འཐུང་བ་དང་། གློག་གསོག་པ། ངལ་གསོ་བ། ཟ་མ་ཟ་བ་བཅས་ཕུད་ད་དུང་འཕྲལ་སྡོམ་སྨན་རྫས་སྤྱོད་ཆོག་པས་ཚང་མའི་གཞི་རྩའི་དགོས་མཁོ་ཐག་གཅོད་ཐུབ་ཀྱི་ཡོད། ས་ཚིགས་ཁག་གཅིག་གིས་བྱེད་ནུས་མང་བའི་རིག་རྩལ་བར་མཐོངས་བཀོད་སྒྲིག་བྱས་པ་དང་། ས་ཚིགས་ལ་ལས་དུས་ངེས་མེད་ངང་ལས་རིགས་རྩལ་ནུས་གསོ་སྦྱོང་དང་སྲིད་ཇུས་བཅའ་ཁྲིམས་སྒྲོག་འགྲེལ་སོགས་བྱེད་ཀྱི་ཡོད།
འགན་འཁུར་བ་དེས་བཟོ་ཚོགས་ཀྱིས་ལས་བཟོར་ཞབས་འདེགས་ཞུ་བའི་ཐད་སྦྲེལ་ཁ་པར་ཨང་གྲངས་12351ཡིན་པ་ཚང་མས་བློ་ལ་ངེས་དགོས་པའི་དྲན་སྐུལ་བྱས་པ་རེད། རྒྱ་ཆེའི་ངལ་རྩོལ་པར་གནད་དོན་འཕྲད་སྐབས་བློ་འདྲི་དང་། ཞབས་ཞུ་རོགས་སྐྱོར། བཅའ་ཁྲིམས་རོགས་སྐྱོར། བསམ་འཆར་གྲོས་འགོ་སོགས་ཀྱི་དགོས་མཁོ་ཡོད་ཚེ་ཐད་སྦྲེལ་ཁ་པར་དེ་བརྒྱབ་ན་རོགས་རམ་ཐོབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།