ལྷ་སས“འཁོར་རྒྱ་རེ་ལ་ཐབས་ཇུས་རེ”བཏོན་ནས་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ།
གྲོང་ཁུལ་རྙིང་པ་ནས་ཁུལ་གསར་བར་དང་བཀོད་སྒྲིག་བྱ་ཡུལ་ནས་སྡོད་ཁུལ་དཀྱུས་མའི་བར་ལྷ་སའི་སྡེ་ཁུལ་མི་འདྲ་བའི་གྲོང་མིས“སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ”ལས་བྱུང་བའི་སྟབས་བདེ་ལོངས་སུ་སྤྱོད་བཞིན་ཡོད།
2023ལོར་ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཡོངས་ཀྱི་ཁག་གསུམ་པའི“སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ”ཡི་ཚོད་ལྟའི་གྲོང་ཁྱེར་གྱི་ཁོངས་སུ་ཚུད་པ་དང་། ན་ནིང་ཡང་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བའི་སྔོན་སྐྱོད་ཁུལ་གྱི་གྲས་སུ་བདེ་བླག་ངང་ཚུད་ཡོད། གྲོང་ཁུལ་རྙིང་པ་དང་། ཁུལ་གསར། བཀོད་སྒྲིག་ཁུལ་སོགས་ཁྱད་པར་ཧ་ཅང་ཆེ་བའི་སྡེ་ཁུལ་གྱི་རྣམ་པར་དམིགས་ཏེ། ལྷ་སས“ནད་བརྒྱ་སྨན་གཅིག”ལྟར་མ་བྱས་པར“འཁོར་རྒྱ་རེ་ལ་ཐབས་ཇུས་རེ”ཡི་བྱ་ཐབས་ཞིབ་ཕྲ་འཚོལ་ཞིབ་བྱས་ཡོད།
ས་མཐོའི་ཨར་ལས་ཀྱི་མ་གནས་མཐོ་བ་དང་སྤྱི་ཚོགས་ཀྱི་མ་རྩ་གཏོང་མཁན་ཉུང་བ་ནི་གཡོལ་ཐབས་མེད་པའི་དངོས་ཡོད་ཀྱི་དཀའ་གནད་ཅིག་རེད། དེས་ན་ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་རང་བཞིན་གྱི“ས་བོན་མ་དངུལ”སྒོར་ཁྲི་900བཏང་བའི་ཁར། སྡེ་ཁུལ་གྱིས་འདུན་ཞུ་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱེད་པའི་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་ཀྱི་མ་རྩ་རག་ཐབས་བྱས་ཡོད། ཞིང་ཟོག་ཁྲོམ་ར་སྒྱུར་བཀོད་ཐད་གྲོང་ཁྱེར་རིམ་པས་60%དང་། ཆུས་རིམ་པས་10% ཁེ་ལས་ཀྱིས་30%བཅས་གཏོང་རྒྱུ་ཟུང་དུ་འབྲེལ་བའི་མཉམ་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་ནས་གྲོང་ཁུལ་གཙོ་བོ་3གྱི་ཁྲོམ་རར་སྒྱུར་བཀོད་ཚད་ལྡན་བྱས་པ་མ་ཟད། ད་དུང་བློ་རིག་ཁུངས་འདེད་དང་ཞིབ་དཔྱད་ཚད་ལེན་མ་ལག་གསར་པའང་སྤྱད་ཡོད།
འཚོ་བ་དང་ཚན་རྩལ་གྱི་ཉམས་འགྱུར་ལྡན་པར་བྱེད་པའི་ཐད་ལྷ་ས་གྲོང་ཁྱེར་གྱིས་འབད་བརྩོན་ཆེན་པོ་བྱས་ཤིང་། ཚད་ལྡན་ཅན་གྱི་སྟབས་བདེའི་ཚོང་ཁང་དང་། དམངས་ཕན་ཞོགས་ཟས་ས་ཚིགས། ཉམས་བཟོའི་ཁྲོམ་བཀྱག་བཅས་གང་སར་ཡོད་པ་དང་། “སྐར་མ་ལྔའི་ནང་སྔོ་ཚལ་སོས་པ་ཉོ་ཐུབ་པ་དང་གནད་དོན་ཆུང་ངུ་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ”དེ་རྒྱུན་རྣམ་ཅན་དུ་གྱུར་པ། “དྲ་གཅིག་སྤྱི་བསྡོམས”ཀྱི་ལས་སྟེགས་དང་དམངས་ཕན་འཚོ་བའི་འཁོར་རྒྱའི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། རིག་ནུས་ཞིབ་མཆན་གཞི་གཅིག་ཅན་གྱི་འཕྲུལ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དུད་ཚང་6700ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་ལས་དོན་སྒྲུབ་ཚད་བཅུ་ཆ་བདུན་ཙམ་གྱིས་མགྱོགས་སུ་ཕྱིན་པ། གྲོང་ཁུལ་གྱི་མཐའ་ཟུར་དག་ཀྱང་བེད་སྤྱོད་གང་ལེགས་བྱས་ཤིང་། གྲུ་ཁུག་སྤྱི་གླིང་70ལྷག་ཙམ་བསྐྲུན་པ་བརྒྱུད་གྲོང་མིས་སྒེའུ་ཁུང་ཕྱི་ནས་རྩྭ་རྩི་ཤིང་མཐོང་རྒྱུ་ཡོད་པ་རེད།
གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་རིམ་ལྔའི་རྩ་འཛུགས་འཁོར་འབྲེལ་བཙུགས་ནས་ཏང་དམངས་ཞབས་ཞུའི་ས་ཚིགས་55བསྐྲུན་ཏེ་ཞབས་ཞུའི་འཐབ་ས་མདུན་མར་བཀོད་སྒྲིག་བྱས་པ་དང་ཆབས་ཅིག “ཇ་ཁང་ནང་གི་གྲོས་མོལ་ཚོགས་འདུ”སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོས་མོལ་ལས་སྟེགས་གསར་གཏོད་བྱས་ཏེ་ལས་སྟེགས་དེ་དག་ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་གནད་900ལྷག་ཙམ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།