དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-18

    ཚེས་16ཉིན། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་ཆེན་གྱིས“བསམ་ཤེས་དང་རྒྱབ་སྐྱོར། འདོད་མཐུན་དང་གཅིག་མཐུན—བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཡོད། དེའི་དམིགས་ཡུལ་ནི་སྒོ་དབྱེ་དང་། ཁོང་ཡངས། སྣ་མང་བཅས་ཀྱི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་ནས་འཛམ་གླིང་གིས་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་རེད། ཚོགས་ཆེན་ལ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་300ཙམ་གདན་དྲངས་ཡོད་པ་རེད།

    ཉིན་དེའི་སྔ་དྲོའི་གླེང་སྟེགས་གཙོ་བོའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཚོགས་ཞུགས་ཀྱི་རིག་མཛོད་མཁས་དབང་དང་། སྨྱན་སྦྱོར་གྱི་སྣེ་ཁྲིད་མི་སྣ། ལས་རིགས་ཀྱི་འཐུས་མི་སོགས་ཀྱིས་བཞེད་དོན་གཙོ་བོའི་གཏམ་བཤད་བྱས་ནས་ཁྱབ་སྤེལ་གསར་གཏོད་སྐོར་མཉམ་དུ་གླེང་བ་དང་། ཁྱབ་སྤེལ་ཐབས་ལམ་མཉམ་དུ་ཞིབ་འཇུག ཁྱབ་སྤེལ་རྣམ་པ་མཉམ་དུ་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ས་གནས་ས་ཐོག་ཏུ་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ཕུལ་བྱུང་དཔེ་མཚོན་བཅུ་ཡོངས་བསྒྲགས་བྱས་པ་དང་། ཁྱབ་སྤེལ་ནུས་པ་ཆེ་བ་དང་། ཤུགས་རྐྱེན་ཆེ་བ། མཚན་སྙན་ཆེ་བ། རྒྱལ་སྤྱིའི་ཐོག་ཁས་ལེན་ཐོབ་ཆེ་བ་བཅས་ཀྱི་ཕུལ་བྱུང་གི་རྒྱལ་སྤྱིའི་ཁྱབ་སྤེལ་བརྩམས་ཆོས་ཁག་གཅིག་བདམས་ནས་ལས་རིགས་ལ་ལད་ཟློས་བྱེད་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ཏེ། ཁྱབ་སྤེལ་གྱི་བསམ་ཕྱོགས་གསར་གཏོད་དང་ཁྱབ་སྤེལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཀྲེ་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧོན་ཀྲོའུ་སོགས་རིགས་གཅིག་མཁས་ཅན་7ལ“བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན”གྱི་གདན་ཞུའི་ཡི་གེ་སྤྲད་ནས་པེ་ཅིང་སློབ་ཆེན་གྱི་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་སོགས་ཚན་པ་10དང《བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་མཐུན་སྦྱོར་མཉམ་འགུལ་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་ནས་ཐོན་ཁུངས་སྤེལ་རེས་དང་། ལེགས་ཆ་གསབ་རེས། ཡུན་རིང་མཉམ་སྐྲུན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་མཐུན་སྦྱོར་མཉམ་འགུལ་གྱི་མཉམ་ལས་མ་ལག་ཧུར་ཐག་བཏོད་ཡོད། ས་གནས་ས་ཐོག་ཏུ་ད་དུང“དེང་གི་ཀྲུང་གོའི་བོད་ལྗོངས་ཀྱི་མཇལ་མོལ་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་ལས་བོད་ཀྱིས་ཕྱི་ཕྱོགས་ལ་ཁྱབ་སྤེལ་དང་། ཀྲུང་ཕྱིའི་རིག་གནས་སྤེལ་རེས། ཕྱི་ཕྱོགས་ལ་སྒོ་དབྱེ་མཉམ་ལས་བཅས་བྱ་རྒྱུ་དེ་གཞི་རྟེན་གལ་ཆེན་གསར་རྐྱང་ཞིག་དང་འགོ་འཛུགས་ས་གསར་རྐྱང་ཞིག་ཏུ་བསླེབས་ནས། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་གཏམ་རྒྱུད་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། རིག་གནས་རྒྱུན་འཛིན། སྐྱེ་ཁམས་ཤེས་དཔལ་བཅས་ཀྱི་གཏམ་རྒྱུད་སྔར་ལས་ཡག་པོ་བརྗོད་རྒྱུ་ཡིན་པ་མཚོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།