སྔོ་ལྗང་རྒྱན་གྱིས་སྤུད་པའི་ཡར་ཀླུང་གི་རྣམ་པ་གསར་པ།
ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྒྲིལ་གླེང་།
2016ལོའི་ཟླ་5པར། ལྷོ་ཁ་ས་ཁུལ་དངོས་སུ་གྲོང་ཁྱེར་དུ་བསྒྱུར་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྔོ་ལྗང་སྲུང་སྐྱོང་ལས་དོན་སྒྲུབ་མཚམས་འཇོག་མྱོང་མེད་པར་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ངེས་གནས་གཞིར་བཟུང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་དུས་རབས་ཀྱི་རྒྱུགས་ལན་རེ་རེ་བཞིན་ཕུལ་བ་སྟེ། གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་98%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གཙོ་གནད་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%རྒྱུན་འཁྱོངས་ཐུབ་པ། གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུའི་སྤུས་ཚད་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཀྱི་ཆུ་ཁོངས་ཚད་གཞིར་ཕྱོགས་ཡོངས་ནས་བསླེབས་ཏེ་ལྷོ་ཁའི་སྐྱེ་ཁམས་ཐད་ནམ་མཁའ་དེ་བས་སྔོ་བ་དང་། རི་ཀླུང་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་བྱུང་ཡོད།
སྐྱེ་ཁམས་སྲུང་བཅད་རྒྱུན་མཐུད་བརྟན་དུ་བཏང་བ།
སྔོ་ལྗང་ཡུག་གཅིག་སྲུང་སྐྱོང་བྱས། གྲོང་ཁྱེར་མཛེས་པའི་རྒྱན་དུ་གྱུར། ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལྷོ་རི་བྱང་རི་སྔོ་འགྱུར(ལྷོ་ཁའི་དུམ་བུ)དང་། ཤིང་འཛུགས་ནགས་བཟོ། རྩྭ་ཐང་སླར་གསོ་སོགས་སྐྱེ་ཁམས་ཀྱི་གཙོ་གནད་ལས་གྲྭ་ཁག་གཅིག་ལག་བསྟར་གཏིང་ཟབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྤྱི་ལེ་ངོས་གྲུ་ཁྲི་4.288བཟོས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
2022ལོར་ལྷོ་ཁ་གྲོང་ཁྱེར་རྒྱལ་ཁབ་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་ལྟའི་མིང་ཐོའི་ནང་ཚུད་ཚུན། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་སྙིགས་རོ་དོ་དམ་ལ་སྤྱི་འདོམས་བྱས་ནས་ས་ཁོངས་ཧྲིལ་པོས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་ཨར་འདམ་དོང་གིས་འཚོ་བའི་གད་སྙིགས་མཉམ་རུབ་གཙང་སེལ་བྱེད་པའི་རང་ལྗོངས་ཀྱི་རྣམ་གྲངས་ཐོག་མ་དེ་བསྐྲུན་ནས་ཉིན་རེར་འཚོ་བའི་གད་སྙིགས་ཏུན་250གཙང་སེལ་ཐུབ་པས། མི་འབོར་བལྟོས་བཅས་ཀྱིས་མང་བའི་ས་ཁུལ་གྱི་འཚོ་བའི་གད་སྙིགས་ས་འོག་ཏུ་སྦས་མི་དགོས་པ་བྱུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ལས་ཀྱི་སོག་མ་97.5%བསྡུས་ནས་གཟན་ཆས་ལ་སྤྱད་པ་དང་། གསོ་ཚགས་ར་བའི་ལྕི་བ་དང་བྱ་བྲུན་ཕྱོགས་བསྡུས་ཐོག་སྤྱོད་ཚད་93%ཟིན་ཡོད། ད་ཆ་ལྗང་མདོག་ཐཱན་ཉུང་གི་ལྷོ་ཁ་གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ལ་བརྟན་པ།
ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། སྲུང་སྐྱོང་དང་འཕེལ་རྒྱས་མཐུན་སྦྱོར་མཉམ་སྐྱོད་ཐུབ་པ་སྟེ།
“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ཡིག་ཆ་ཁག་1405ལ་ཞིབ་མཆན་བཀོད་པ་དང་། དྲ་ཐོག་ནས་རྣམ་གྲངས་ཁག་9961ཐོ་འགོད་སྙན་སེང་ཞུས་ནས“མཐོ་བ་གཉིས”ཀྱི་རྣམ་གྲངས་དོན་འཁྱོལ་ལ་འབྱུང་རྩ་ནས་ཚོད་འཛིན་ནན་པོ་བྱས་ཡོད།
“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག” དང“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ཁྲིམས་སྒྱུར་ཞིབ་བཤེར་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་སྲིད་འགོ་ཁྲིད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཆད་གཅོད་གྱོད་གཞིར་ཐེ་ཇུས་བྱ་རྒྱུ་གཏན་འགོག་བྱེད་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་བཟོས་ཏེ། ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་ནན་པོར་བསྲུངས་ཡོད།
སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་དུ་ལེགས་ལྡན་གཏེར་རྫས་དང་། ནུས་རྒྱུ་གཙང་མ། འཛུགས་སྐྲུན་རྒྱུ་ཆ་སོགས་གཙོ་གནད་དུ་བྱས་པའི་བཟོ་ལས་མ་ལག་རིམ་བཞིན་ཆགས་པ་དང་། ནོར་བུ་ས་ལྕགས་གཏེར་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རིར་བདམས་པ། བོད་ལྗོངས་ཀྲུང་ཚའེ་མདོ་ལ་རིང་མོ་ཨར་འདམ་བཟོ་གྲྭ་དང་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་སོགས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པས། སྲོལ་རྒྱུན་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་དང་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད།
བཅོས་སྐྱོང་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ།
ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དེ“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ”ཁོ་ན་ནས“དམངས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི”བར་ཕྱོགས་ཡོངས་ནས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ལྗང་མདོག་སློབ་གྲྭ་དང་། ལྗང་མདོག་སྡེ་ཁུལ། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྔོ་ལྗང་སྲུང་སྐྱོང་དང་བདག་སྐྱོང་གི་འདུ་ཤེས་མང་ཚོགས་ཀྱི་སེམས་ནང་བརྟན་པོ་ཟུག་པར་བྱས་ཡོད། རྒྱ་ཚ་རྫོང་ཐང་སྨད་གྲོང་ཚོར་གད་སྙིགས་རིགས་དབྱེ་དང་ཟོག་རོ་ཚུར་བསྡུའི་ལས་ཀ་ཡུལ་མིའི་རྒྱུན་གཏན་གྱི་འཚོ་བར་གྱུར་ལ། ད་དུང་ཡུལ་མིས་ལྕགས་ཀྲིན་དང་ཤོག་སྒམ་སོགས་ཚུར་བསྡུས་ཏེ་སྐར་མ་བསགས་ནས་འཚོ་བའི་མཁོ་ཆས་དང་བརྗེ་ཆོག་པས། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།
ལྷོ་ཁའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། མཚོ་མཚེའུ། རི་དང་ནགས་ཚལ་བཅས་སུ“ཁན་སྦྱར་དམར་པོའི”སྐྱེ་ཁམས་ལྟ་སྲུང་བས་རི་སྐོར་དང་ནགས་ཚལ་དུ་སྐོར་གཡེང་བྱེད་པ་གང་སར་མཐོང་རྒྱུ་ཡོད། “སྔོན་ཆད་རྩི་ཤིང་བསྲུང་རྒྱུ་ནི་སྲིད་གཞུང་གི་བྱ་བ་ཡིན་ཡང་། ད་ཆ་ང་ཚོས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐུབ་པ་མ་ཟད། སྐྱེ་ཁམས་ཀྱི་ལས་གནས་ལ་བརྟེན་ནས་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག ལས་ཀ་འདི་གཟི་བརྗིད་ཆེ་ཞིང་དོན་སྙིན་ལྡན་པ་ཞིག་འདུག”ཅེས་ཟངས་རི་གྲོང་རྡལ་ཞོལ་པ་སྡེ་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་བ་སྐལ་བཟང་ནོར་བུས་བཤད། ལོ་བཅུའི་རིང་། རིམ་རྩིས་བརྒྱབ་ན་གྲོང་ཁྱེར་ཡོངས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་25ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཤིང་། ལྷོ་རི་བྱང་རི་སྔོ་འགྱུར(ལྷོ་ཁའི་དུམ་བུ)ལས་གྲྭ་ཁོ་ནས་ཡུན་རིང་གི་སྐྱེ་ཁམས་ལྟ་སྲུང་ལས་གནས་ཆིག་སྟོང་ལྷག་ཙམ་བཏོད་པས། “ཡུག་ཁུལ་རེའི་སྔོ་ལྗང་སྲུང་སྐྱོང་ལས་ཡུལ་དེ་གའི་མང་ཚོགས་ཕྱུག་པོ”དངོས་འབྲེལ་ཆགས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར་གཞི་ཚུགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལྷོ་ཁའི་ལེའུ་གསར་པ་ཞིག་མུ་མཐུད་བརྩམས་དང་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།