དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནའ་གྲོང་ལྷ་སའི་རིག་གནས་སྐྱེད་ཚལ་དུ། མངོན་མིན་རིག་གནས་ཤུལ་བཞག་མེ་ཏོག་མཚར།

    ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-18

    ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་སྟེ། གྲངས་གཞི་ལས་མངོན་པར། གྲོང་ཁྱེར་ཡོངས་སུ་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་389ཡོད་པའི་ནང་། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་1དང་། རྒྱལ་ཁབ་རིམ་པའི་རྣམ་གྲངས་25 རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་45 གྲོང་ཁྱེར་རིམ་པའི་རྣམ་གྲངས་85 རྫོང་རིམ་པའི་རྣམ་གྲངས་233བཅས་ཡོད་པ་དང་། རིམ་པ་ཁག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་381ཡོད་པའི་ནང་། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་15དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་40 གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་99 རྫོང་རིམ་པའི་རྒྱུན་འཛིན་པ་227བཅས་ཡོད། ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ས་མཐོའི་གནའ་གྲོང་འདིས་གནའ་བོའི་ཤེས་དཔལ་དང་དེང་རབས་ཀྱི་རྒྱུན་འཛིན་གཉིས་མཉམ་འདྲེས་ཀྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།

    འཐུས་སྒོ་ཚང་བའི་མིང་གཞུང་མ་ལག་ནི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་རྨང་རྡོ་ལྟ་བུ་རེད། ད་ལོའི་ཟླ་3པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བདུན་པ་དང་དེ་བཞིན་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་འོས་སྦྱོར་ཞུ་འབུལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་འགོ་བཙུགས་ཤིང་། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་གྱིས་གཞི་རིམ་དུ་བསྐྱོད་དེ། འོས་སྦྱོར་ཞུ་འབུལ་ཐེངས་4ལ་མཛུབ་ཁྲིད་བྱས་པ་དང་། རིགས་ཁག་གི་བློ་འདྲི་ཐེངས་30ལྷག་ཙམ་ལ་ལན་བརྒྱབ་ནས་རྗེས་མཐུད་ཀྱི་དཔྱད་ཞིབ་གཏན་འཁེལ་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ད་ཆ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་སྐས་རིམ་རང་བཞིན་གྱི་སྲུང་སྐྱོང་བྱེད་སྟངས་དེ་བས་ཁ་གསལ་དུ་སོང་ཡོད། དེའི་ནང་མལ་གྲོ་གུང་དཀར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དེ་བས་དོད་ཅིང་། རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་བསྡོམས་འབོར་2021ལོའི་ལོ་མཇུག་གི་ཁག་44ནས་2026ལོའི་ཁག་93བར་མང་དུ་ཤུགས་ཆེན་ཕྱིན་ཡོད།

    མ་དངུལ་འགན་ལེན་ཐད་ལའང་གནད་ལ་འཁེལ་པོས་ཤུགས་སྣོན་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་གྱིས་གོང་རིམ་གྱི་སྲུང་སྐྱོང་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། འབྲི་གུང་གི་འཚེམ་དྲུབ་ཐང་ག་དང་། ཤོག་བཟོའི་ལག་རྩལ། ལྷ་མོའི་འཁྲབ་ཆས་བཟོ་རྩལ་སོགས་གཙོ་གནད་རྣམ་གྲངས་ཁག་4ལ་སྲུང་སྐྱོང་མ་དངུལ་སྒོར་ཁྲི་89འདུན་ཞུ་བདེ་བླག་བྱུང་ནས་ཡིག་ཚགས་གསར་བཟོ་དང་འཁྲབ་ཆས་ཉོ་སྒྲུབ་སོགས་ལ་མ་དངུལ་ཁ་ཐང་བའི་དཀའ་གནད་ནུས་ལྡན་སེལ་ཐུབ་ཡོད།

    ད་ལོའི་ཟླ་5ཚེས་4ཉིན། ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་སྐབས་དང་པོ་རྫོང་རྒྱབ་ཀླུ་ཁང་དུ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཐོན་ཁུངས་སྤུས་ལེགས་གཅིག་སྡུད་ཐོག་འགྲེམས་འཁྲབ་བྱས་པ་དང་འབྲེལ། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ལེ་ཚན་ཁག་12ཀྱི་སྒྲ་བརྙན་པར་གཞི་ཕབ་འཇུག་དང་ཡིག་ཚགས་སུ་ཉར་ནས་མི་རབས་རྗེས་མར་སྲོལ་རྒྱུན་རིག་རྩལ་བརྙན་པར་རྩ་ཆེན་གྱི་དཔྱད་ཡིག་ཉར་ཚགས་བྱས་ཡོད། འགྲེམས་འཁྲབ་བྱ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་དང་ལག་ཤེས་ཐོན་རྫས་འགྲེམས་ཚོང་ཁུལ་དུས་གཅིག་ཏུ་བཙུགས་ཏེ། འགྲེམས་སྟོན་དང་། སྤེལ་རེས། འགྲེམས་ཚོང་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྟེགས་བུ་བསྐྲུན་པ་ལས། ཉིན་དེ་རང་ལ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཚོང་ཡོང་འབབ་སྒོར་ཁྲི་5.57ལྷག་ཙམ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས“སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ”བྱེད་སྒོ་ཧུར་ཐག་སྤེལ་བ་མ་ཟད། ད་དུང་ད་ལོ་བྱེད་སྒོའི་སྤུས་ཚད་སྔར་བས་ལེགས་སུ་དང་རིམ་པ་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུག་བཞག་ཁག་389ཡི་ཁྲོད་ནས་ལྷ་མོ་དང་། ཡིག་གཟུགས། སྤོས་སྦྱོར་ལག་རྩལ་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལེགས་འདེམས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ས་གནས་ས་ཐོག་ཏུ་ཁྱད་འཕགས་ལག་ཤེས་ངོམ་སྟོན་དང་ལག་རྩལ་སློབ་པར་གདན་དྲངས་ཏེ། ལྟད་མོ་གཅིག་པོའི་རྣམ་པ་དེ་འགྲེམས་སྟོན་དང་། ཉམས་ལེན། མཉམ་འགུལ་བཅས་གཞི་གཅིག་ཏུ་བསྡུས་པའི་སྣ་མང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་སུ་བསྒྱུར་རྒྱུ་རེད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ཉམས་ལེན་དང་། འགྲེམ་སྟོན་བཤམས་སྟོན། རིག་གནས་བསམ་བཀོད་ཐོན་རྫས་བཅས་ཀྱི་དཔེ་སྟོན་རྟེན་གཞི་ཁག་25དཔྱད་འདེམས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད། དེའི་ནང་གཞོན་སྐྱེས་ལྷ་རིས་པ་བསྟན་འཛིན་གྱི་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཉམས་ལེན་ཁང་ལ་ཚད་ལྡན་གྱི་ལས་གཉེར་དང་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་ལས། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་སྟོན་རྟེན་གཞི་དང་ཐང་གའི་ཉམས་ལེན་དཔེ་སྟོན་རྟེན་གཞི་ཁག་དང་པོའི་ནང་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།