དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཐུང་ཆུ་སྒོ་རྩར་ཁྲིད། དམངས་སེམས་བདེ་ལ་འཁོད།

    ལྷོ་བྲག་རྫོང་ལ་རྒྱབ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་འཐུང་ཆུའི་དཀའ་གནད་སེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-18

    ཁྱིམ་གྱི་ཀ་ལའི་ཆུ་སྒོ་འབྱེད་སྐབས། དྭངས་ཤིང་གཙང་བའི་རང་འབབ་ཆུ་ཤར་མར་འབབ་པ་མཐོང་འཕྲལ། ལྷོ་བྲག་རྫོང་ལ་རྒྱབ་ཤང་ལ་རྒྱབ་གྲོང་ཚོའི་ཕུ་ལ་ཆགས་པའི་ཡུལ་མི་ཚོའི་ངོ་གདོང་ནས་འཛུམ་མདངས་ངང་གིས་འཕྱུར།

    དེ་ལྟ་བུའི་ཆུ་ལེན་སྟངས་ནི་གྲོང་ཚོའི་མང་ཚོགས་མང་པོས་ཡུན་རིང་རེ་སྒུག་བྱེད་པའི་བསམ་འདུན་ཞིག་རེད།

    ཕུ་ལ་ཆགས་པ་དེ་ནི་ལ་རྒྱབ་གྲོང་ཚོའི་ཡུལ་མི་ཁག་གཅིག་གི་འཐུང་ཆུ་དཀོན་པའི་རྒྱུ་རྐྱེན་གཙོ་བོ་རེད། སྔ་དགོང་ཆུ་སྤྱོད་མང་བའི་དུས་སུ་ཕུ་ལ་ཆགས་པའི་ཁྱིམ་ཚང་གི་ཆུ་ཀ་ལའི་འཐེན་ཤུགས་མི་འདང་བས་ཆུ་ཤར་མར་དོན་གྱི་མེད། དེས་མ་ཟད་ཆུ་སྦུག་ནས་བཞུར་བ་ནི་ཆུ་ཉོག་ཡིན་པས་རྒྱུན་དུ་ངོ་གདོང་འཁྲུད་པ་དང་གྱོན་ཆས་འཁྲུད་པ་སོགས་ལའང་སྤྱོད་ཁག་པོ་ཡོད། མ་གཞི་ཕར་ལ་བལྟས་ན་འཐུང་ཆུའི་གནད་དོན་ཆུང་ཆུང་ཡིན་སྣང་ཤར་རུང་དེས་ཡུལ་མི་ཚོའི་རྒྱུན་གཏན་གྱི་འཚོ་བར་དཀའ་ངལ་བཟོ་གི་ཡོད།

    ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ལས་དོན་ཚོགས་འདུའི་ཐོག “ཉིན་བརྒྱ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེ་མོ”བཀོད་སྒྲིག་བྱས་པ་ནས་བཟུང་། ལ་རྒྱབ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་འཐབ་ས་དང་པོ་དང་དུད་ཚང་དུ་འཚམས་འདྲིར་བསྐྱོད་དེ། དུད་ཚང་ཚང་མའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གྲལ་བཤེར་བྱས་ནས། དམངས་འཚོའི་གནད་དོན་གསེད་བཀྲོལ་བྱེད་པའི་གསལ་ཐོ་ཞིག་བཟོས་ཡོད། འཚམས་འདྲི་དང་གྲལ་བཤེར་བྱེད་རིང་། ཕུ་ལ་ཆགས་པའི་དུད་ཚང་གི་ཆུ་ཀ་ལའི་ཆུ་ཤུགས་མི་འདང་བ་དང་རྒྱུན་གཏན་གྱི་ཆུའི་སྤུས་ཚད་ཞན་པ་ནི་ཡུལ་མིས་གླེང་མང་བ་དང་རེ་ཞུ་ཆེ་བའི་དམངས་འཚོའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

    མངགས་གཏོང་ཚན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལས་དོན་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་ཆུ་ཀ་ལ་སྤྱི་ཁྱབ་ཀུང་སི་དང་ལྷོ་བྲག་རྫོང་ཆུ་བེད་ཅུས་དང་འབྲེལ་མཐུད་བྱས་ཏེ། ཆེད་ལས་ལག་རྩལ་མི་སྣར་བློ་འདྲི་བྱས་རྗེས་གནད་དོན་རེ་རེ་བཞིན་གསེད་བཀྲོལ་དང་གནད་དོན་གྱི་འབྱུང་རྐྱེན་ལ་ཐུན་མོང་ཐོག་ཞིབ་འཇུག་དང་བརྡར་གཅོད་བྱས་པ་རེད།

    ཕྱོགས་མང་པོའི་སྤྱི་འདོམས་མཐུན་སྦྱོར་འོག ལྷོ་བྲག་རྫོང་ཆུ་བེད་ཅུས་ཀྱི་ཆུ་དོན་ཆེད་ལས་ལག་རྩལ་མི་སྣ་ལ་རྒྱབ་གྲོང་ཚོར་བསྐྱོད་དེ་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐིག་ལེན་དང་། སྒྲིག་ཆས་གྲལ་བཤེར། ཆེད་ལས་ཞིབ་བཤེར་ཉམས་བཟོ་བཅས་བྱས་པ་རེད།

    ཡུལ་མིའི་ཁྱིམ་གྱི་ཆུ་བཀག་གཏོང་སྒྲིག་ཆས་སྤྱོད་ཡུན་རིང་བས་བཙའ་བརྒྱབ་ནས་ཆུ་དོན་མ་ཐུབ་པ་དང་། ཆུ་སྦུག་འདམ་སྙིགས་ཀྱིས་འགག་པས། མཐར་ལུང་ཁུག་དུད་ཚང་གི་ཀ་ལའི་ཆུ་ཤུགས་ཆུང་དུ་སོང་བ་གཞི་ནས་རྟོགས།

    རྒྱུ་རྐྱེན་རྙེད་རྗེས་འཕྲལ་མར་ཆུ་སྦུག་བཤངས་ཡོད། ལག་རྩལ་མི་སྣས་བཙའ་བརྒྱབ་པའི་ཆུ་བཀག་གཏོང་སྒྲིག་ཆས་རྙིང་པ་བརྗེ་བ་སོགས་ཀྱི་ལས་དོན་རེ་རེ་བཞིན་ཞིབ་ཚགས་ངང་བསྒྲུབས་པས། སྔ་དྲོ་གཅིག་རང་ལ་ཡུན་རིང་དཀའ་ངལ་གྱི་གནས་སུ་ལྷུངས་པའི་ཡུལ་མི་ཚོའི་འཐུང་ཆུའི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ཡོད།

    འཐུང་ཆུའི་དཀའ་ངལ་བསལ་བས་ཡུལ་མི་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཅིང་། ཁོང་ཚོས“ད་ནས་བཟུང་ཆུ་དཀོན་པ་དང་ཆུ་ཉོག་དོགས་ཀྱི་སེམས་ཁྲལ་མི་འདུག ལས་དོན་རུ་ཁག་གིས་ང་ཚོར་བྱ་བ་བཟང་པོ་ཞིག་བསྒྲུབས་སོང”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།