ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་རྨིན་ཨང་ལའེ་དང་གྲོས་མོལ་གནང་བ།

ཟླ་6ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་ཙུང་ཐུང་རྨིན་ཨང་ལའེ་དང་གྲོས་མོལ་གནང་བ།

ཟླ་6ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་ཙུང་ཐུང་རྨིན་ཨང་ལའེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་རྨིན་ཨང་ལའེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་པ།
ཟླ་6ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་ཙུང་ཐུང་རྨིན་ཨང་ལའེ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་འབར་མའི་དབར་སྤུན་ཉེའི་མཛའ་བརྩེ་ཟབ་མོ་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་76སོང་རིང་། ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་རེས་སྐྱོང་རེས་བྱས་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཐུན་མོང་ཐོག་དར་སྤེལ་དང་ལག་ལེན་བསྟར་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་ལྟ་སྟངས་འདྲ་མཉམ་འཛིན་པ་དང་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་བཏོད་ཡོད། ཀྲུང་གོས་མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་བཟུང་ནས་འབར་མའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ལ་བཞག་ཡོད། ཀྲུང་གོས་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འབར་མར་མཛའ་མཐུན་གྱི་སྲིད་ཇུས་འབར་མའི་མི་དམངས་ཡོངས་ལ་ཕྱོགས་པ་དང་། འབར་མ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར། འབར་མའི་སྲིད་གཞུང་གསར་པས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་རྒྱལ་བབ་དང་འཚམ་ཞིང་མི་དམངས་ཀྱིས་བརྩི་བཀུར་བྱེད་པའི་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཆབ་སྲིད་ཐད་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་དང་། འཕེལ་རྒྱས་ཐད་གཉིས་ཁེ་གཉིས་ཕན། བདེ་འཇགས་ཐད་མཐུན་སྦྱོར་སྐུལ་འདེད། མི་ཆོས་རིག་གནས་ཐད་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་འབར་མ་དང་མཐའ་མཚམས་ཀྱི་འཁོར་རྒྱ་རིང་ཤོས་མཉམ་སྤྱོད་བྱེད་མཁན་གྱི་ཁྱིམ་མཚེས་ཡིན་པ་དང་། བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ནི་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྟེ་བའི་རྣམ་གྲངས་ཤིག་ཡིན་པས། ཕྱོགས་གཉིས་པོས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། འབར་མའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་གེགས་རྗེས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས“ཆུང་ལ་ལེགས་པའི”རོགས་སྐྱོར་དེ་བས་མང་བ་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་འབར་མའི་གཉིས་ཕན་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཐུན་མོང་ཐོག་བརྗོད་འདོད་ཡོད། ཕྱོགས་གཉིས་པོས་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་དང་དུག་རྫས་ལྐོག་འདྲེན་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྒྱུན་མཐུད་རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འབར་མའི་ཕྱོགས་ཁག་གིས་གྲོས་མོལ་ལ་བརྟེན་ནས་ཞི་བའི་འདུམ་འགྲིག་ལ་སྐུལ་འདེད་བཏང་སྟེ་འབར་མའི་བྱང་རྒྱུད་ཡུན་རིང་བདེ་འཁོད་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། འདི་ནི་འབར་མའི་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད།
རྨིན་ཨང་ལའེ་ཡིས་གསུངས་དོན། འབར་མ་དང་ཀྲུང་གོའི་སྤུན་ཉེའི་མཛའ་བརྩེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་བྱས་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་རོགས་ཟླའི་འབྲེལ་བ་བརྟན་པོ་བཙུགས་ཏེ། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་མཚམས་གསར་པར་སྐྱོད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་འབར་མའི་འཕེལ་རྒྱས་བརྟན་ལྷིང་དང་ཞི་བའི་འདུམ་འགྲིག་ལ་སྒེར་སེམས་མེད་པར་རྒྱབ་སྐྱོར་གནང་བར་འབར་མ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་གི་ཡིན། འབར་མའི་སྲིད་གཞུང་གསར་པས་རྒྱལ་ནང་གི་ཞི་བདེ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་ཆབ་སྲིད་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་སྐུལ་འདེད་བཏང་ནས་འབར་མ་ཚུད་པའི་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འབར་མ་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་མཉམ་དུ་བསྐྲུན་ཏེ་ཚོང་དོན་མ་འཇོག་གི་ཆུ་ཚད་མཐོ་རུ་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད། འབར་མ་ཕྱོགས་ཀྱིས་འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་མི་སྣའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་སྲུང་ཡང་བྱེད་ཀྱི་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་འབར་མ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་འབྲེལ་གཏུག་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འགྲིམ་འགྲུལ་དང་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་རྨིན་ཨང་ལའེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
རྨིན་ཨང་ལའེ་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་རྨིན་ཨང་ལའེ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།
དེ་ཉིན་ཉིན་དགུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་རྨིན་ཨང་ལའེ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་དང་ཝང་ཞའོ་ཧུང་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།