དེང་རབས་ཅན་གྱི་དམིགས་ཚད་གལ་ཆེ་ཤོས་ནི་མི་དམངས་ཀྱི་བདེ་ཐང་ཡིན།
“བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས”ཞེས་ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་དང་། དགུ་གསུམ་ཤེས་རིག་ཚོགས་པ། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་བསྟན་གནང་བ་རེད།
“དེང་རབས་ཅན་གྱི་དམིགས་ཚད་གལ་ཆེ་ཤོས་ནི་མི་དམངས་ཀྱི་བདེ་ཐང་ཡིན། དེ་ནི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་རྨང་གཞི་རེད། ལས་དོན་འདིར་དམ་འཛིན་ཏན་ཏིག་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་བརྟན་པོར་འཛུགས་དགོས་པའི་འདུ་ཤེས་ཤིག་རེད”ཅེས་2021ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་བ་རེད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དམངས་ཡོངས་ཀྱི་བདེ་ཐང་དམ་པོར་འབྲེལ་ཡོད”ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱིས་བདེ་ཐང་གི་འཚོ་བར་རེ་སྒུག་གསར་པ་བྱེད་བཞིན་ཡོད།
མི་དམངས་ཀྱི་བདེ་ཐང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤུས་ཚད་དང་འབྲེལ་བ་ཡོད།
2021ལོའི་ཟླ་3ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ཡོད།
འདས་དོན་མང་པོ་ཁ་སང་གི་གནས་ཚུལ་ལྟར་མིག་ལམ་དུ་གསལ་ལེར་མངོན། ཧྲ་རྫོང་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཧྲ་རྫོང་ཆུས་སྤྱི་ཁྱབ་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དབན་ཞའོ་དབྱིང་གིས་སྐབས་དེར་སྨན་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་གྱི་འགྲེམས་པང་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་ཚགས་ངང་གཟིགས་པའི་རྣམ་པ་དག་གསལ་ལེར་དྲན་གྱི་ཡོད། འགྲེམས་པང་གི་བརྗོད་དོན་གཙོ་བོ་ནི“མི་སེར་ལ་དངོས་ཕན་སྐྲུན”ཞེས་པ་དེ་རེད། ད་ཆ་འགྲེམས་པང་ཐོག་གི་གྲངས་གཞི་ལོ་ལྟར་གསར་བརྗེས་བྱས་ནས་སྨན་བཅོས་སྒྱུར་བཅོས་ཀྱིས་དམངས་ལ་ཕན་འདོགས་པའི་ཕན་འབྲས་ལ་བདེན་དཔང་བྱེད་ཀྱི་ཡོད།
“ནད་གཞི་ལྕི་རིགས་ཞིང་ཆེན་དེ་རང་ནས་སྨན་བཅོས་ཐུབ་པ་དང་། སྤྱིར་བཏང་གི་ནད་གཞི་གྲོང་ཁྱེར་དང་རྫོང་ནས་སྨན་བཅོས་ཐུབ་པ། རྒྱུན་གཏན་མགོ་ན་བ་དང་ཚ་བ་རྒྱས་པ་གྲོང་གསེབ་ནས་སྨན་བཅོས་ཐུབ་པ” ན་དུས་སྨན་བཅོས་ཐུབ་པ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཅིག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་རེ་ཡང་ཡང་གནང་བའི་དོན་ཆེན་ཞིག་ཀྱང་རེད།
“ངས་ཁྱེད་ཚོའི་སྒྱུར་བཅོས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི་སྙིང་སྟོབས་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་ཀྱི་གོ་རྟོགས་དང་འགན་འཁྲི་འཁུར་སེམས་ཤིག་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་མི་སེམས་དྲོས་ལ་བརླིང་བ་ཞིག་ཡོད།
2012ལོ་ནས་བཟུང་། སན་མིང་གྲོང་ཁྱེར་གྱིས་སྨན་བཅོས་སྒྱུར་བཅོས་བྱེད་འགོ་ཚུགས་ཤིང་། “མེ་ཏོག་རྐྱང་བཞད”ནས“དཔྱིད་དཔལ་རབ་བཞད”བར། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་སྟེ། འཛམ་གླིང་རང་བཞིན་གྱི་དཀའ་གནད་ཡིན་པའི་སྨན་བཅོས་སྒྱུར་བཅོས་ཀྱི་ཀྲུང་གོའི་ལུགས་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཡོད།
རང་རྒྱལ་གྱིས་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཤམ་སྤྲོད་དང་དོ་སྙོམས་བཀོད་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས། ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་བཅས་སྐྲུན་པར་སྐུལ་འདེད་བཏང་བས། མང་ཚོགས་དེ་བས་མང་བས་ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་ཡག་པོ་བྱེད་ཐུབ་ཡོད།
དེ་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བདེ་ཐང་གི་གྲུབ་འབྲས་ཤིག་ཡིན་པ་སྟེ། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། སྲོལ་རྒྱུན་གྱི་སྨན་རྫས་མ་ལག རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་བཅས་བསྐྲུན་པ་དང་། 90%ཡན་གྱི་གྲོང་མི་སྐར་མ་15ཡི་ནང་ཐག་ཉེ་ཤོས་ཀྱི་སྨན་བཅོས་ས་ཚིགས་སུ་འབྱོར་ཐུབ་པ། 2025ལོར་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.25ཟིན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལོ་80བར་རིང་དུ་འགྲོ་རེ་ཡོད་པ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། བདེ་ཐང་གི་དམིགས་ཚད་གཙོ་བོ་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་བཅས་རེད།
མི་དམངས་ཀྱི་བདེ་ཐང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད།
“མིག་ཤེལ་འདོགས་མཁན་ག་ཚོད་ཡོད་དམ”དང“ལུས་སྦྱོང་གི་དུས་ཚོད་འདང་ངེས་ཡོད་དམ”ཞེས་ད་ལོའི་ཟླ་3ཚེས་23ཉིན། པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་གྱི་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྲུ་གུ་ཚོར་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བར། ཕྲུ་གུ་ཚོས་དགའ་ཚོར་ཆེན་པོས་ལན་བརྒྱབ་པ་རེད།
བརྩེ་སེམས་ཟབ་ལ་ཐུགས་སྣང་གཤིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས“སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས། ཐུན་མོང་ཐོག་ཕྲུ་གུའི་མིག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། ཁོང་ཚོར་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་དགོས་པའི”བླང་བྱ་བཏོན་གནང་ཡོད།
“མིག་ཤེལ་འདོགས་མཁན་ཆུང་ཆུང”ནས“རྒྱགས་རིལ་ཆུང་ཆུང”བར་དང་། ལུས་རྩལ་སློབ་ཚན་ནས་བཅུད་ལྡན་བཟའ་བཅའི་བར། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གནང་ས་གལ་ཆེན་ཞིག་རེད།
བྱིས་པའི་བདེ་ཐང་གི་གནད་དོན་ལ་དམིགས་ནས་རང་རྒྱལ་གྱིས་སྔོན་འགོག་དང་། གྲལ་བཤེར། བརྟག་དཔྱད། སྨན་བཅོས། བདེ་ཐང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་ཅིག་བཙུགས་ཡོད་ཅིང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་ཚད་ལོན་པ་དང་། གཟུགས་པོའི་ལྗིད་ཚད་དེ་བས་ཚད་དང་ལྡན་པ། རྒྱང་འགྲིབ་ཕོག་ཚད་དང་ཐ་མག་འཐེན་ཚད་གཉིས་ཀ་ཆག་ནས། བདེ་ཐང་གི་དམིགས་ཚད་གཙོ་བོ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
མི་དམངས་བདེ་ཐང་བྱུང་བ་དེས་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་གི་རྨང་གཞི་བཏིང་ཡོད།
བདེ་ཐང་ནི་བདེ་སྐྱིད་ལྡན་པའི་འཚོ་བའི་དམིགས་ཚད་གལ་ཆེ་ཤོས་ཤིག་ཡིན།
དབན་ཞའོ་དབྱིང་གིས“མང་ཚོགས་ལ་ནད་གཞི་ཉུང་ཙམ་ཕོག་པ་དང་། འཕྱི་ཙམ་ཕོག་པ། ནད་གཞི་ཚབས་ཆེན་མི་ཕོག་པ་བཅས་བྱེད་པ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་ཡིན”ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཧྲ་རྫོང་ཆུས་སྤྱི་ཁྱབ་སྨན་ཁང་གིས་2023ལོ་ནས་བཟུང་ནད་གཞི་དོ་དམ་ལྟེ་གནས་དང་བདེ་ཐང་དོ་དམ་ལྟེ་གནས་སྤྱོད་འགོ་བཙུགས་ཏེ་མང་ཚོགས་ལ་ཚེ་གང་གི་ཞབས་ཞུ་སྒྲུབ་བཞིན་ཡོད་ཅེས་བརྗོད།
“བདེ་ཐང་ཀྲུང་གོ་འཛུགས་སྐྱོང་བྱེད་པར་ངེས་པར་དུ་རང་རྒྱལ་གྱི་རྒྱལ་བབ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ལག་ལེན་གང་ལེགས་བསྟར་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་ལས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
འབྲེལ་ཡོད་གསར་འགྱུར།