མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཐེམ་ནས་གློག་རྡུལ་བཅོལ་དངུལ་རྒྱལ་བུན་ཉོ་ཆོག་པ།
ཟླ་6ཚེས་10ཉིན། ནོར་སྲིད་པུས་2026ལོའི་བཅོལ་དངུལ་རྒྱལ་བུན(གློག་རྡུལ་ཅན)དུས་ཐེངས་གསུམ་པ་དང་བཞི་པ་འགྲེམས་སྤེལ་བྱས་པ་རེད། ན་ནིང་ཟླ་11པར། ནོར་སྲིད་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས་མཉམ་དུ་བཀྲམ་པའི《མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཁྱབ་ཁོངས་ནང་བཅོལ་དངུལ་རྒྱལ་བུན(གློག་རྡུལ་ཅན)འཇུག་རྒྱུའི་སྐོར་གྱི་འབྲེལ་ཡོད་ལས་དོན་གྱི་བརྡ་ཐོར》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)གཞིགས་ན། ད་ལོའི་ཟླ་6པ་ནས་བཟུང་། ཆ་རྐྱེན་འཛོམས་པའི་བཅོལ་དངུལ་རྒྱལ་བུན་གྱི་འཚོང་འགན་ལེན་མཁན་ཚོགས་པའི་ཁོངས་ཞུགས་སྒྲིག་གཞིས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཐེམ་གྱི་བདག་འཛིན་པར་བཅོལ་དངུལ་རྒྱལ་བུན(གློག་རྡུལ་ཅན)ཉོ་སྒྲུབ་ཀྱི་ཞབས་འདེགས་ཞུ་ཡི་རེད།
ནོར་སྲིད་པུས་ད་ཐེངས་འགྲེམས་སྤེལ་བྱས་པའི་དུས་ཐེངས་གཉིས་ཀྱི་བཅོལ་དངུལ་རྒྱལ་བུན(གློག་རྡུལ་ཅན)དེ་མི་སྒེར་གྱི་རྒན་གསོའི་དངུལ་སྤྱད་ནས་ཉོ་ཆོག་གི་ཡོད། དུས་ཐེངས་གཉིས་ཀྱི་རྒྱལ་བུན་གཉིས་ཀ་སྐྱེད་ཀ་གཏན་འཁེལ་དང་དུས་བཀག་གཏན་འཁེལ་གྱི་རིགས་ཡིན། དུས་ཐེངས་ཁག་གསུམ་པར་དུས་བཀག་ལོ་3དང་། འཛིན་ངོས་ཀྱི་ལོའི་སྐྱེད་ཚད་1.63% འགྲེམས་སྤེལ་དངུལ་འབོར་མང་ཤོས་སྒོར་དུང་ཕྱུར་315བཅས་ཡིན་པ་དང་། དུས་ཐེངས་བཞི་པར་དུས་བཀག་ལོ་5དང་། འཛིན་ངོས་ཀྱི་ལོའི་སྐྱེད་ཚད་1.7% འགྲེམས་སྤེལ་དངུལ་འབོར་མང་ཤོས་སྒོར་དུང་ཕྱུར་385བཅས་ཡིན། དུས་ཐེངས་གཉིས་ཀྱི་རྒྱལ་བུན་འགྲེམས་སྤེལ་དུས་ཚོད་ནི་ཟླ་6ཚེས་10ཉིན་ནས་ཟླ་6ཚེས་19ཉིན་བར་ཡིན་ཞིང་། ལོ་ལྟར་སྐྱེད་ཀ་རྩིས་རྒྱག་རྒྱུ་དང་2029ལོ་དང་2031ལོ་སོ་སོར་མ་བུན་འཇལ་རྒྱུ་མ་ཟད་མཇུག་མཐའི་སྐྱེད་ཀའང་རྩིས་རྒྱག་རྒྱུ་རེད།
《བརྡ་ཐོའི》བླང་བྱ་གཞིར་བཟུང་། སྒྲུབ་གཉེར་སྒྲིག་གཞི་ནི་ངེས་པར་དུ་སྲོལ་མཐུན་བཅོལ་དངུལ་རྒྱལ་བུན་འཚོང་འགན་ལེན་མཁན་ཚོགས་པའི་ཁོངས་ཞུགས་སྒྲིག་གཞི་ཡིན་དགོས་པ་མ་ཟད། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལས་སྒོ་གཉེར་མཁན་ཡིན་དགོས། འབྲེལ་ཡོད་སྒྲིག་གཞིས་ད་ཡོད་ཀྱི་བཅོལ་དངུལ་རྒྱལ་བུན་ཞབས་ཞུའི་ཐབས་ལམ་སྟེ། དྲ་ཕྱིའི་ལས་སྟེགས་དང་། དྲ་ཐོག་དངུལ་ཁང་། ལག་ཐོགས་ཁ་པར་དངུལ་ཁང་སོགས་བརྒྱུད། མ་རྩ་འཇོག་མཁན་ལ་བཅོལ་དངུལ་རྒྱལ་བུན(གློག་རྡུལ་ཅན)ཤེས་རྟོགས་དང་ཉོ་སྒྲུབ་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད།
ད་ཐེངས་འགྲེམས་སྤེལ་བྱས་པའི་དུས་ཐེངས་གཉིས་ཀྱི་རྒྱལ་བུན་ཐད། ནོར་སྲིད་པུའུ་ཡིས་ཁ་གསལ་བཏོན་དོན། རྒྱལ་བུན་རྩིས་ཐེམ་གཅིག་གིས་དུས་ཐེངས་རེའི་རྒྱལ་བུན་སྒོར་ཁྲི་50ལས་བརྒལ་ཏེ་ཉོ་ཆོག་གི་མེད་པ་དང་། རྒན་གསོའི་དངུལ་གྱི་ཆེད་གཏོགས་གྲངས་བཅད་དེ་དུས་ཐེངས་དེའི་རྒྱལ་བུན་གྱི་ཐོག་མའི་སྐབས་སྤྱོད་ཚབ་འཚོང་གྲངས་འབོར་གྱི་40%ཡིན་པ། ཟླ་6ཚེས་10ཡི་ཉིན་མོར་གློག་རྡུལ་ཐབས་ལམ་བརྒྱུད་རྒན་གསོའི་དངུལ་གྱི་རྩིས་ཐེམ་མིན་མཁན་ལ་འཚོང་བའི་གྲངས་བཅད་མཐོ་ཤོས་ནི་གཞི་རྩའི་ཚབ་འཚོང་དངུལ་འབོར་གྱི་40%ཡིན་པ། ཟླ་6ཚེས་11ཉིན་ནས་ཚེས་19ཉིན་བར། གློག་རྡུལ་ཐབས་ལམ་ཤར་གཏོང་བྱས་པའི་འཚོང་འགན་ལེན་མཁན་གྱི་ཁོངས་ཞུགས་སྒྲིག་གཞིས་སོ་སོར་ཐོབ་པའི་ཚབ་འཚོང་དངུལ་འབོར་ནང་ཚུན་དུ་ཐབས་ལམ་ཁག་གི་གྲངས་བཅད་བསྡུར་ཚད་བགོ་བཤའ་ལུགས་མཐུན་རྒྱག་དགོས།
བཟོ་ཚོང་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་། ཞིང་ལས་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། ཤིང་ཡེ་དངུལ་ཁང་། ཀྲུང་ཤིན་དངུལ་ཁང་སོགས་དངུལ་ཁང་མང་པོས་ལག་ཐོགས་ཁ་པར་དངུལ་ཁང་གི་མི་སྒེར་གྱི་རྒན་གསོའི་དངུལ་ཆེད་ངོས་སུ་རྒྱལ་བུན་ཉོ་སྒྲུབ་བྱ་ཡུལ་བཟོས་ཡོད་པ་དང་། ཉོ་སྒྲུབ་བྱ་ཡུལ་དེ་རྒན་གསོའི་བཅོལ་དངུལ་དང་། རྒན་གསོའི་འབྱོར་སྐྱོང་། རྒན་གསོའི་ཐེབས་རྩ་སོགས་ཀྱི་ཐོན་རྫས་ཉོ་སྒྲུབ་བྱ་ཡུལ་དང་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད་པ་རེད།
བཟོ་ཚོང་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། མ་རྩ་འཇོག་མཁན་གྱིས་མི་སྒེར་གྱི་རྒན་གསོའི་དངུལ་ཆེད་ངོས་ཀྱི་བཅོལ་དངུལ་རྒྱལ་བུན་མནན་ཏེ་དུས་ཐེངས་དེའི་རྒན་གསོའི་དངུལ་ཆེད་གཏོགས་རྒྱལ་བུན་གྱི་རིགས་དང་། དུས་བཀག འཛིན་ངོས་ཀྱི་སྐྱེད་ཀ་སོགས་ཤེས་རྟོགས་བྱས་ཏེ་ཉོ་ཆོག འཚོང་འགོ་བཙུགས་ཟིན་པ་དང་འཚོང་བའི་དངུལ་འབོར་དུས་ཐོག་ཏུ་གསར་སྒྱུར་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།