དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་བྱེད་པར་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥང་ཧུང་།   |     སྤེལ་དུས།  2026-06-17

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་ཉེ་ཆར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། འཚམས་འདྲི་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་གནང་བ་བརྒྱུད། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་སྟེ། ཀྲུང་ལོའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་བྱེད་པ་བཅས་ཀྱི་ཆེད་དུ་སྒུལ་ཤུགས་གསར་པ་བསྣན་ཡོད།

    ལས་དབང་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕུགས་བསམ་དད་སེམས་གཅིག་མཐུན་དང་། སྤྱི་ཚོགས་ལམ་ལུགས་འདྲ་མཚུངས། འཕེལ་རྒྱས་བགྲོད་ལམ་འདྲ་པོ་བཅས་ཡིན་ཞིང་། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པས་བཙུགས་པའི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་བརྩེ་ཟབ་མོ་ཡུན་ནས་ཡུན་དུ་གནས་ཡོད། ད་ལོ་ནི་ཀྲུང་ལོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང“ཀྲུང་ལོའི་མཛའ་མཐུན་ལོ”རེད་ལ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ལོ་སིའི“ལོ་ལྔ་ཚན་བཅུ་པའི”འཆར་འགོད་དུས་གཅིག་ཏུ་ལག་ལེན་བསྟར་འགོ་ཚུགས་པའི་ལོའང་རེད། རྒྱལ་ཁབ་གཉིས་པོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རང་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་ལོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱུན་ཆད་མེད་པར་ཚད་གཞི་མཐོ་པོ་དང་། སྤུས་ཚད་མཐོ་པོ། ཆུ་ཚད་མཐོ་པོ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་སྐོར་ལ། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ཕན་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སྲ་བརྟན་དུ་གཏོང་དགོས་པ། ཕྱི་ཕྱོགས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་དགོངས་ཚུལ་བཞི་བཏོན་གནང་ཡོད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པར་ད་དུང་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཕྱོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཞིང་། ཕྱོགས་གཉིས་པོས་འདི་གར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད། དེ་ནི་ཕྱོགས་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་རིང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་གནད་འཁེལ་གནང་བ་ཞིག་རེད་ལ། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་བྱ་སྤྱོད་ཀྱི་རྩ་འཛིན་ཡང་རེད།

    རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ནི་ཀྲུང་ལོའི་འབྲེལ་བའི་ཁྱད་ཆོས་དང་ལེགས་ཆ་རེད། དེས་ན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དང་བསམ་བློའི་ནུས་པ་རྒྱུན་ཆད་མེད་པར་སྣོན་པ་དང་། ཕྱོགས་གཉིས་པོས་དང་ཐོག་ཕྱོགས་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ས་སྡོམ་རྒྱལ་ཁབ་ནས་ས་འབྲེལ་རྒྱལ་ཁབ་ཏུ་སྒྱུར་བའི”འཐབ་ཇུས་རྒྱུན་མཐུད་འབྲེལ་མཐུད་བཅས་བྱས་ཏེ་ཀྲུང་ལོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བའི་སྤུས་རིམ་ལེགས་མཐོར་འགྲོ་བར་བྱེད་དགོས། གྲོས་མོལ་གནང་སྐབས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་སྲིད་སྐྱོང་གནས་བབ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་མུ་མཐུད་དམ་ཟབ་ཏུ་གཏོང་བ། ཏང་གཉིས་ཀྱི་ལོ་ལྔའི་མཉམ་ལས་འཆར་གཞི་ལག་བསྟར་ཡག་པོ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་དགོས་ཞེས་ཡང་བསྐྱར་ནན་བཤད་གནང་ཡོད།

    ཁ་ཕྱོགས་གཏན་འཁེལ་བྱུང་ན། བྱ་སྤྱོད་སྤེལ་ལ་ཉེ། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཁ་ཕྱོགས་དེ་བརྒྱུད། ཏང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ལམ་ལུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་སྔར་བས་ལེགས་པའི་ངང་འགྱུར་བར་བྱ་རྒྱུ་དང་། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་ཀྲུང་ལོའི་ལྕགས་ལམ་དང་ཀྲུང་ལོའི་དཔལ་འབྱོར་བར་ཁྱམས་ཀྱི་ནུས་པ་དེ་བས་ཆེ་བ་ཐོན་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་དེ་གཉིས་མཉམ་ལས་ཀྱི་འཕར་གཞི་གསར་པར་སྐྱེད་སྲིང་བྱ་རྒྱུ། མི་དམངས་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་རྒྱུའི་ཐད་རིག་གནས་དང་། སློབ་གསོ། གཞོན་ནུ། ཡུལ་སྐོར་བཅས་ཀྱི་སྤེལ་རེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་ཡག་པོ་སྤྱད་ནས། ཀྲུང་ལོའི་བདེ་འཇགས་རོགས་ཟླའི་འབྲེལ་བ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་འདོད་འདུན་ཡོད།

    (རྩོམ་པ་པོ་ནི་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།