ཀྲུང་གོའི་འོད་ཤུགས་ཀྱིས་དབྱི་རག་གི་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་རམ་འདེགས་བྱས་པ།
དབྱི་རག་ཏུ་སྣུམ་རླངས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་རང་བྱུང་སོལ་རླངས་གསར་སྤེལ་གྱི་ཆུ་ཚད་དམའ་བས། དུས་ཡུན་རིང་པོར་ནང་འདྲེན་བྱས་པའི་རང་བྱུང་སོལ་རླངས་ལ་བརྟེན་ནས་གློག་གཏོང་གི་ཡོད་པས་དབྱར་ཁར་གློག་དཀོན་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ས་གནས་དེ་གའི་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཆུའི་ཐོན་ཁུངས་དཀོན་པའི་གནས་ཚུལ་ཉིན་བཞིན་ཛ་དྲག་ཏུ་ཕྱིན་ནས་ནུས་རྒྱུ་སྣ་མང་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དེ་བས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། མུའུ་ས་ན་ཞིང་ཆེན་དུ་ཞིང་དུད་དེ་བས་མང་བས་འོད་ཤུགས་གློག་གཏོང་གི་ཞིང་ཆུ་འདྲེན་པའི་མ་ལག་སྤྱོད་འགོ་ཚུགས་ཡོད། ས་གནས་དེ་གའི་ཞིང་པ་ཧྥེན་ཀྲན·ཨའེ་ཧ་མའེ་ཏེས་གསར་འགོད་པར་རང་ཉིད་ཀྱི་ས་ཞིང་ལ་ད་ཆ་ཀྲུང་གོའི་ཉི་ནུས་འོད་ལེབ་ལ་བརྟེན་ནས་ཞིང་ཆུ་འདྲེན་གྱི་ཡོད་པས་རྨོ་འདེབས་ཀྱི་མ་གནས་དམའ་རུ་ཕྱིན་པ་མ་ཟད། ད་དུང་བར་མཚམས་མི་ཆད་པར་ཞིང་ཆུ་འདྲེན་ཐུབ་པའི་འགན་ལེན་བྱུང་ཡོད་ཅེས་བཤད།
ཀྲུང་གོའི་འོད་ཤུགས་གློག་གཏོང་ལག་རྩལ་དབྱི་རག་གི་ཞིང་རར་ཁྱབ་པ་མ་ཟད། ས་གནས་དེ་གའི་ཁྱིམ་ཚང་དུའང་ཁྱབ་ཡོད། ཉི་ནུས་གློག་གཏོང་མ་ལག་བརྟན་ལ་བློས་འགེལ་ཆོག་པས་དབྱི་རག་གི་ཁྱིམ་ཚང་མང་པོས་སྒྲིག་སྦྱོར་བྱས་ཡོད། ས་གནས་དེ་གའི་འོད་ཤུགས་ནུས་རྒྱུ་མཁོ་སྤྲོད་ཀུང་སི་ཞིག་གི་ཅིང་ལི་པཱ་ཤིན·ཨའེ་ཧ་མའེ་ཏེས་གསར་འགོད་པར་ད་ལོ་དབྱི་རག་གི་ཉི་ནུས་གློག་གཏོང་མ་ལག་གི་ཁྲོམ་རའི་དགོས་མཁོ་ཆེས་ཆེར་འཕར་བ་དང་ཁོང་ཚོའི་ཀུང་སིས་ཀྲུང་གོ་ནས་འོད་ཤུགས་གློག་གཏོང་སྒྲིག་ཆས་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་30%ཙམ་འཕར་ཡོད་ཅེས་བཤད།
དབྱི་རག་གི་ཙུང་ལིའི་ལས་ཤག་གི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ནུས་རྒྱུའི་རྣམ་གྲངས་ཚོགས་ཆུང་གི་འགན་འཁུར་བ་ནཱ་སེར·ཁ་ལི་མུའུ་ཡིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དེ་ཐོག་ནས་ཁྱབ་ཁོངས་དེའི་ནང་གི་དབྱི་རག་གི་ཁྲོམ་རའི་དགོས་མཁོ་མགྱོགས་མྱུར་འཕར་བ་མཚོན་པ་མ་ཟད། དབྱི་རག་གི་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཁྲོད་ཀྲུང་གོའི་ཁེ་ལས་ཀྱིས་འགག་རྩའི་ནུས་པ་བཏོན་པའང་མཚོན་ཡོད་ཅེས་བཤད་པ་རེད། ཁ་ལི་མུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྱིམ་ཚང་དཀྱུས་མ་ནས་སྲིད་གཞུང་གི་ལས་ཁུངས་བར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཐག་གཅོད་ཇུས་གཞི་དེར་དོ་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔར་དབྱི་རག་ཏུ་སྲིད་གཞུང་གི་ཐོག་བརྩེགས་ཁང་པ་250ཙམ་ལ་འོད་ཤུགས་གློག་གཏོང་མ་ལག་སྒྲིག་སྦྱོར་བྱས་ཡོད།
སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་འོག་ཀྲུང་གོའི་ཁེ་ལས་ཀྱིས་དབྱི་རག་ཏུ་མཚོན་བྱེད་རང་བཞིན་གྱི་འོད་ཤུགས་རྣམ་གྲངས་མང་པོ་ཞིག་སྐྲུན་འགན་ཁུར་ནས་དབྱི་རག་གི་ནུས་རྒྱུ་ཕྱོགས་སྒྱུར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ཡོད། ད་ལོའི་ཟླ་3པར། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་མཉམ་གཉེར་ཚོགས་པས་སྐྲུན་འགན་འཁུར་བའི་དབྱི་རག་གི་ལཱ་ཐ་ཝེའི་ཅི་ཝ་1གི་འོད་ཤུགས་རྣམ་གྲངས་ཀྱི་ཚན་པ་དང་པོར་གློག་འདོན་ཧྲིལ་པོ་དྲ་སྦྲེལ་ཐུབ་ནས་གློག་བཏང་ཡོད། རྣམ་གྲངས་དེ་ནི་དབྱི་རག་གིས་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཤིག་ཡིན་ལ་རྒྱལ་ཁབ་དེའི་གཅིག་སྡུད་རྣམ་པའི་འོད་ཤུགས་གློག་ཁང་ཆེ་གྲས་ཐོག་མ་དེའང་རེད།
འབྲེལ་ཡོད་གསར་འགྱུར།