སྐྱིད་པའི་སྤྱི་གླིང་ཕ་ཡུལ་མཛེས་པའི་རྒྱན།
སྤྱི་གླིང་ཚོགས་ཀྱི་དབུས་སུ་ཆགས་པའི་ལྷོ་ཁ་གྲོང་ཁྱེར་ནི། གང་སར་སྔོ་ལྗང་གོས་ཀྱིས་བརྒྱན་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
སྣེ་གདོང་ལམ་ཡར་སྟོད་སྲང་ལམ་དུ་རྒྱ་དེ་ཙམ་ཆེན་པོ་མེད་པའི་ས་སྟོང་ཞིག་ཡོད། ལོ་ཁ་ཤས་གོང་། དེ་ག་ནི་རླངས་འཁོར་མང་ཞིང་ཐལ་རྡུལ་གྱིས་ཁེངས་ལ། ས་ཆ་དེ་བརྒྱུད་ནས་འགྲོ་དུས་ཚང་མས་ཁ་སྣ་བཀབ་སྟེ་གྱང་ཟུར་ནས་མགྱོགས་པོར་འགྲོ་གི་ཡོད། ད་ཆ་དེ་གར་དར་སྐུད་ལྟར་གྱི་རྐང་ལམ་མང་པོ་བཟོས་པ་དང་། གཡས་གཡོན་དུ་སྤང་སྔོན་པོ་བཏིང་བ་དང་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་། དེ་ནི་སྣེ་གདོང་གྲོང་ཁུལ་གྱི་ལམ་ཟུར་སྤྱི་གླིང་མང་པོའི་གྲས་ཤིག་རེད།
ལམ་ཟུར་སྤྱི་གླིང་ནི་མ་གཞི་གྲོང་ཁྱེར་འཆར་འགོད་པའི་གྲོང་ཁུལ་གྱི་ཟ་ཟུར་དུ་རྩི་ཤིང་དང་སྔོ་ཁེབས་མང་དུ་གཏོང་བའི་བསམ་བཀོད་ཅིག་རེད། ཡིན་ཡང་། ཕྱིས་སུ་སྤྱི་གླིང་གི་ལས་ཀ་བྱེད་མཁན་ཚོས་ས་རྒྱུ་གཤིན་པོ་བརྒྱངས་ནས་རྩྭ་རྩི་ཤིང་བཏབ་པ་དང་། དམིགས་བསལ་གྱི་ཆུ་སིམ་ཨར་འདམ་ལམ་བཏིང་ཁར། གྲོང་ཁུལ་གྱི་ཟ་ཟུར་ས་ཆ་མང་པོར་ཤིང་སོན་བཙུགས་མཐར། གྲོང་ཁུལ་གང་སར་སྔོ་ཐིང་ངེར་གྱུར་ནས་སྤྱི་གླིང་མང་པོས་བསྐོར་བ་ལྟར་མཛེས།
ད་ཆ། སྣེ་གདོང་གྲོང་ཁུལ་དུ་ལམ་ཟུར་སྤྱི་གླིང་ཧ་ཅང་མང་པོ་ཡོད་དེ། ཁྲ་འབྲུག་ལམ་ཆེན་གྱི་ཟུར་དང་། སྣེ་གདོང་ལམ་ཆེན་གྱི་ཟུར། སྨན་ཁང་དང་སློབ་གྲྭ་སོགས་གང་སར་དེ་ལྟ་བུའི་སྤྱི་གླིང་མཐོང་ཐུབ། སྤྱི་གླིང་དེ་དག་གནས་ཡུལ་ལ་ལ་ཡར་སྔོན་བེད་མེད་དུ་ལུས་པའི་ནགས་ས་ཡིན་པས་ལྗོན་ཤིང་སྐམ་པོ་དང་རྩྭ་ངན་གྱིས་ཁེངས་པ་དང་། ལ་ལ་ནི་སྐབས་འཕྲལ་ཨར་སྐྲུན་བྱ་ཡུལ་ས་ཆ་ཡིན་པས་ཁོར་ཡུག་བཙོག་པ་མ་ཟད་འགྲོ་སྐྱོད་ཀྱང་ཁག་པོ་ཡོད། གྲོང་ཁྱེར་གསར་སྒྱུར་ལས་དོན་སྤེལ་རིང“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་ཡུན་རིང་ལུས་པའི་སྒྲིག་འགལ་སྐྲུན་དངོས་དག་བཤིག་ཅིང་། ས་ཁོད་བསྙམས་ཏེ་རྩྭ་རྩི་ཤིང་བཏབ་རྗེས། ངལ་གསོ་སའི་རྐུབ་བཀྱག་ཀྱང་བརྒྱབ་པས“སྒེའུ་ཁུང་ཕྱེ་མ་ཐག་རྩི་ཤིང་མཐོང་བ་དང་སྒོ་དོན་མ་ཐག་སྤྱི་གླིང་དུ་སླེབས་པ”མངོན་སུམ་དུ་གྱུར།
ས་སྲོས་ནི་ལམ་ཟུར་སྤྱི་གླིང་དུ་འཁྲུག་ཆ་དོད་ཤོས་དུས་སྐབས་ཡིན་ཞིང་། སློབ་གྲྭ་གྲོལ་བའི་ཕྲུ་གུ་ཚོ་རྐང་ལམ་ཟུར་གྱི་རྡོ་སྐྱོར་སྟེང་དུ་དལ་གྱིས་འགྲོ་བ་དང་། ཕྱག་ཏུ་མ་ཎི་ལག་སྐོར་བསྣམས་པའི་བགྲེས་སོང་ཚོས་རྐུབ་སྟེགས་རིང་མོའི་སྟེང་ངལ་གསོ་བཞིན་དུ་སྐད་ཤུགས་ཆུང་ངུས་ཅི་འཕྲོས་མོལ་འཕྲོས་བྱེད་ལ། གཞོན་དར་ཕ་མ་མང་པོས་ཕྲུ་གུ་དམར་འབྱར་འདེད་འཁོར་དུ་བཞག་ནས་སྤང་ལྗོངས་འགྲམ་དུ་འཆམ་འཆམ་བྱེད་བཞིན་མཆིས། ལ་ཁའི་ཉི་མའི་འོད་ཟེར་ལས་ཁོ་ར་ཁོར་ཡུག་ཀུན་སེར་ཐིང་ངེར་གྱུར་ཅིང་། སྔོ་ལྗང་གི་སྤྱི་གླིང་དང་། ལྷུག་པོར་བཞད་པའི་སྐལ་བཟང་མེ་ཏོག ས་མཐོའི་མཁའ་རླུང་གཙང་མ། དེར་འདུས་ཀྱི་སྐྱེ་བོའི་ཚོགས་སོགས་ལས། ཉིན་མོའི་འདུ་འཛི་དང་ལང་ལོང་ཞི་བའི་དབེན་འཇམ་གྱི་ཞིང་ཁམས་ཤིག་གྲུབ།
གྲོང་ཁྱེར་ནི་ལོ་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་མཆིས། སྣེ་གདོང་གྲོང་ཁུལ་གྱི་མ་ལམ་གཙོ་བོ་དེ་ཉིད་ཨར་འདམ་ལམ་ནས་སྣུམ་ནག་ལམ་དུ་གྱུར་ཞིང་། ལམ་ངོས་ཁོད་སྙོམས་ལ་ཁམས་ཤིན་ཏུ་གཙང་། ཁུལ་ཆུང་རྙིང་པ་རྣམས་ཀྱང་གསར་རྐྱང་དུ་གྱུར་ནས་གྲོང་མི་ཆིག་ཁྲིར་ཉེ་བར་ཕན་ཐོགས་པ་དང་། ཡར་ཀླུང་གཙང་པོའི་མཁའ་ཁྲོམ་དུ་ཉི་མའི་འོད་ལ་འགྲན་པའི་གློག་སྒྲོན་སྤར་ནས་གྲོང་ཁྱེར་གྱི་མིང་བྱང་གསར་པར་གྱུར། འཕོ་འགྱུར་ཆེན་པོ་དེ་དག་དང་མི་འདྲ་བར། ལམ་ཟུར་སྤྱི་གླིང་ནི་ཁྲོམ་གཞུང་དང་སྲང་ལམ་གྱི་གྲུ་ཟུར་མང་པོར་ཁུ་སིམ་མེར་གནས་ཤིང་། ལྟ་ཆོག་ཆོག་གི་དཔེ་དེབ་ཅིག་གམ་ཡང་ན་ཉན་ཆོག་ཆོག་གི་འགྱུར་ཁུག་སྙན་མོ་ཞིག་དང་མཚུངས་པར། མི་རྣམས་ལ་བྲེལ་འཚུབ་ཆེ་བའི་ལས་ཀ་དང་ཉིན་མོའི་འདུ་འཛི་ལས་གཡོལ་ནས་བག་ཕེབས་ངང་འཆམ་འཆམ་ལ་རོལ་བའི་དབེན་འཇགས་ཀྱི་གནས་ཡུལ་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།