དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྨན་བཅོས་བོད་སྐྱོར་བརྩེ་སེམས་ཟབ། ས་མཐོའི་བྱིས་པའི་བདེ་ཐང་སྲུང་།

    —— ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་ཀྲུའུ་རེན་ལིའུ་ཀྲེན་ཆིའུ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    ལིའུ་ཀྲེན་ཆིའུ་དང་འཕྲད་སྐབས་ཁོང་དམར་འབྱར་ནད་ལྕིའི་ལྟ་སྐྱོང་ཁང་ནས་དོན་མ་ཐག་ཡིན་པ་དང་། ལུས་པོ་ཡོངས་བཏུམས་པའི་སྨན་གོས་དང་། ཞྭ་མོ། ཁ་རས། ལག་ཤུབས། ལྷམ་ཤུབས་བཅས་རེ་རེ་བཞིན་ཕུད་རྗེས་གཞི་ནས་སྐམ་ཤ་དོད་པའི་ངོ་གདོང་མངོན།

    “ཐབས་ཤེས་མི་འདུག ཕྲུ་གུ་དམར་འབྱར་གྱི་གཉན་ཁ་སྔོན་འགོག་བྱེད་དགོས་པས་འགོག་སྲུང་ལས་དོན་ངེས་པར་དུ་ཡག་པོ་སྒྲུབ་དགོས”ཞེས་ལིའུ་ཀྲེན་ཆིའུ་ཡིས་བརྗོད། ལྷག་པར་དུ་ཁོང་གིས་བལྟས་མ་ཐག་པའི་ཕྲུ་གུ་དམར་འབྱར་ཆོས་སྒྲོན(འགྱུར་མིང)གྱི་སྦྲུམ་ལོ་གཟའ་འཁོར་26དང་ཉིན་5ལས་མ་ཟིན་པ་དང་། སྐྱེ་དུས་གཟུགས་པོའི་ལྗིད་ཚད་ཁེ་730ལས་མེད་པས། སྔ་བཙས་ཕྲུ་གུ་དང་སྐྱེ་དུས་གཟུགས་པོའི་ལྗིད་ཚད་ཧ་ཅང་ཡང་བའི་ཕྲུ་གུའི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།

    “ད་ལྟ་ཕྲུ་གུར་རྨ་ཁ་མི་བཟོ་བའི་དབུགས་འབྱིན་རྔུབ་འཕྲུལ་ཆས་སྤྱོད་བཞིན་ཡོད་པས་སྲོག་ལ་ཉེན་ཁ་མེད། བྱིས་ནད་ཚན་ཁག་ནི་མ་གཞི་ནས་རེ་བས་ཁེངས་པའི་ས་ཆ་ཞིག་ཡིན་པས་ང་ཚོ་སྨན་དོན་པ་ཡོངས་ཀྱིས་སེམས་ནུས་ཡོད་རྒུས་ཕྲུ་གུ་དེ་སྐྱོབ་གང་ཐུབ་པ་བྱེད་ཀྱི་ཡིན”ཞེས་ལིའུ་ཀྲེན་ཆིའུ་ཡིས་གདེང་ཚོད་ཆེན་པོས་དེ་ལྟར་བརྗོད།

    ལིའུ་ཀྲེན་ཆིའུ་ཡི་གདེང་ཚོད་ནི་རང་ཉིད་ཀྱི་ལས་སྒོའི་འཇོན་ཐང་ལས་བྱུང་ཞིང་། ན་ནིང་ཟླ་7ཚེས་7ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་ཡིན་པའི་ཁོང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སླེབས་མ་ཐག་སྦྲུམ་ལོ་གཟའ་འཁོར་26དང་ཉིན་5དང་སྐྱེ་དུས་གཟུགས་པོའི་ལྗིད་ཚད་ཁེ་920ལས་མེད་པའི་སྔ་བཙས་ཕྲུ་གུ་ལྷ་མོའི་(འགྱུར་མིང)སྐྱོབ་བཅོས་ལས་འགན་དང་ལེན་བྱས་པ་རེད།

    “གསོ་རིག་ཐད་སྦྲུམ་ལོ་གཟའ་འཁོར་28མ་ཟིན་པ་དང་གཟུགས་པོའི་ལྗིད་ཚད་ཁེ་1000ལས་དམའ་བའི་ཕྲུ་གུ་དམར་འབྱར་དག་སྐྱོབ་བཅོས་བྱེད་ཁག་པའི་ཁོངས་སུ་གཏོགས་ཀྱི་ཡོད”ཅེས་ལིའུ་ཀྲེན་ཆིའུ་ཡིས་བརྗོད།

    སྐབས་དེ་དུས་ཀྱི་ལྷ་མོ་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་སྦྲུམ་ལོ་ཆུང་ཤོས་ཀྱི་ཕྲུ་གུ་དམར་འབྱར་ཡིན་པ་མ་ཟད། སྨན་བཅོས་བརྒྱུད་རིམ་ཡང་དཀའ་ལས་ཁག་པོ་བྱུང་ཡོད། དཀའ་ངལ་ཆེ་ཤོས་ནི་སྨན་ཁང་དུ་བསྡད་ནས་ཟླ་བ་གཅིག་ལྷག་ཙམ་སོང་རྗེས་རྣག་དུག་ཁྲག་ནད་ཕོག་པ་དེ་རེད། སྐབས་དེ་དུས་ལིའུ་ཀྲེན་ཆིའུ་ཡིས་བྱང་ཆུབ་པའི་ནད་ཐོག་སྨན་བཅོས་ཉམས་མྱོང་ལ་བརྟེན་ནས་འཕྲལ་མར་ཕྲུ་གུར་སླར་ཡང་འབུ་ཕྲ་དང་རླམ་སྲིན་གྱི་གཉན་ཁ་རྒྱས་པ་གཏན་འཁེལ་བྱས་པ་རེད།

    དེ་རྗེས་ཁོང་དང་ཚོགས་པས་འཕྲལ་མར་ལྷ་མོར་རིམ་པ་བཞིན་གཉན་ཁ་གཅོག་པའི་བྱ་ཐབས་སྤྱད་པ་དང་། ཆུ་ཚོད་24ཡི་རིང་ཉིན་མཚན་ལྟོས་མེད་ངང་ལྟ་སྐྱོང་ནན་པོ་བྱས་ཡོད། ཆུ་ཚོད་72ཡི་རིང་ངལ་གསོ་མ་བརྒྱབ་པར་སྨན་བཅོས་བྱས་པ་བརྒྱུད། མཐར་ཕྲུ་གུ་དེའི་སྲོག་སྐྱོབ་ཐུབ་པ་རེད།

    ད་ཐེངས་ཀྱི་སྐྱོབ་བཅོས་ཡག་པོ་ཐུབ་པ་བརྒྱུད་ལིའུ་ཀྲེན་ཆིའུ་དང་སྨན་དོན་པའི་གདེང་ཚོད་ཆེ་རུ་ཕྱིན་པ་མ་ཟད། སྐྱོབ་བཅོས་ཀྱི་ཉམས་མྱོང་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ལོ་འདི་དག་རིང་། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཁག་མང་པོ་དང་ས་གནས་དེ་གའི་སྨན་དོན་པའི་རྒྱུན་མཐུད་འབད་འཐབ་འོག་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལེགས་གྲུབ་བྱུང་ཚད་95%ཡན་ཟིན་ནས་ལྗོངས་ཕྱིའི་སྨན་ཁང་གི་ཆ་སྙོམས་ཆུ་ཚད་ལ་སླེབས་ཡོད་པ་རེད།

    ལིའུ་ཀྲེན་ཆིའུ་མངགས་གཏོང་ཚན་པ་ནི་ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་ཡིན་པས། ཕྱོགས་བསྡུས་སྟོབས་ཤུགས་ཆེ་ཙམ་ཡོད། 2009ལོར་ལས་ཀར་ཞུགས་པ་ནས་ད་བར། ལིའུ་ཀྲེན་ཆིའུ་ཡི་སྨན་བཅོས་ལག་རྩལ་དང་སྨན་པའི་ཀུན་སྤྱོད་ལ་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།

    “བྱིས་པས་དར་མ་ནང་བཞིན་ནད་རྟགས་གསལ་པོ་ཤོད་མི་ཐུབ་པ་མ་ཟད། ལ་ལས་ད་དུང་སྐད་ཆ་ཡང་ཤོད་ཤེས་ཀྱི་མེད། བྱིས་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ངོས་ནས་དེ་བས་ལྟ་ཞིབ་ཞིབ་ཚགས་དང་། ངང་རྒྱུད་རིང་བ། སེམས་རྩ་འཁོལ་བ་བཅས་བྱེད་དགོས་ཀྱི་ཡོད”ཅེས་ལིའུ་ཀྲེན་ཆིའུ་ཡིས་བརྗོད།

    ན་ནིང་ཟླ་10པར། ལོ་5ལ་སླེབས་པའི་བུ་མོ་སྒྲོལ་དཀར(འགྱུར་མིང)གློ་བུར་དུ་དྲན་པ་ཐོར་ནས་ལུས་པོ་ཡོངས་འདར་བས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་ཏུ་སྨན་བཅོས་བྱེད་པར་བསྐྱལ་ཞིང་། ལིའུ་ཀྲེན་ཆིའུ་ཡིས་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག ཕྲུ་གུའི་པ་ཕའི་ནད་གཞིའི་ལོ་རྒྱུས་འདྲི་སྐབས་ཕྲུ་གུར་དེ་སྔ་གློ་བའི་ཁྲག་རྩ་འགག་པའི་ནད་གཞི་ཕོག་མྱོང་ཡོད་པ་ཤེས་རྟོགས་བྱུང་བས། ཕྲུ་གུར་མཐོང་དཀོན་པའི་རྒྱུད་འདེད་རང་བཞིན་གྱི་བྱིས་པའི་ཁྲག་གྲིབ་ནད་ཕོག་པ་གཏན་འཁེལ་བྱས། དེ་རྗེས་ཁོང་གིས་འཕྲལ་མར་དཀག་འགོག་སྨན་སྤྱད་དེ་སྨན་བཅོས་བྱས་པ་དང་འབྲེལ། ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་དང་འབྲེལ་གཏུག་བྱས་ནས་སྨན་ཁང་འགྱུར་ཏེ་སྨན་བཅོས་བྱས་པས་ད་ལྟ་སྒྲོལ་དཀར་གྱི་ནད་གཞི་གཞི་རྩའི་ཆ་ནས་དྲག་སྐྱེད་བྱུང་ཡོད་པ་རེད།

    “ཕྲུ་གུ་ཚོ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་མཐོང་རིམ་བཞིན་ང་རང་ལ་ཁག་པོ་ག་ཚོད་བྱུང་ཡང་བྱེད་རིན་ཡོད་པའི་ཚོར་སྣང་ཡོང་གི་འདུག བྱིས་ནད་ཚན་ཁག་གི་སྨན་པ་ཞིག་བྱེད་པ་ནི་ངའི་མི་ཚེའི་ནང་གི་ཡང་དག་པའི་གདམ་ག་ཞིག་ཡིན”ཞེས་ལིའུ་ཀྲེན་ཆིའུ་ཡིས་དེ་ལྟར་བརྗོད། ཁོང་གི་རྒྱབ་ངོས་སུ“ཁྲུང་ཆིང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ། སྨན་པའི་བྱམས་སེམས་ཕ་མ་བཞིན་དུ་ཟབ”ཅེས་བྲིས་པའི་གོས་དར་ཞིག་བཀལ་ཡོད་པ་རེད།

    ལིའུ་ཀྲེན་ཆིའུ་ཡིས། བོད་སྐྱོར་དུས་ཚོད་ལོ་གཅིག་ལས་མེད་ཀྱང་སྒྲུབ་ཐུབ་པའི་བྱ་བ་ཧ་ཅང་མང་པོ་ཡོད་ཅེས་བརྗོད།

    བོད་སྐྱོར་བྱས་ནས་ལོ་གཅིག་ཙམ་སོང་རིང་། བྱིས་ནད་ཚན་ཁག་གི་ཀྲུའུ་རེན་ལིའུ་ཀྲེན་ཆིའུ་ཡིས་སྨན་དོན་པའི་སྣེ་ཁྲིད་དེ་མི་ཐེངས་14000ལྷག་ཙམ་ལ་སྨན་བཅོས་བྱས་ཤིང་། སྨན་ཁང་དུ་སྡོད་མཁན་ནད་པ་མི་ཐེངས་1500ལྷག་ཙམ་ཉར་བ་དང་། དེའི་ནང་ཕྲུ་གུ་དམར་འབྱར་ནད་པ་མི་ཐེངས་450ལྷག་ཙམ་ཟིན་ཡོད། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་ལག་རྩལ་གསར་པ་ཁག་50ཡི་ནང་ད་རྒན་ནད་འགོག་བཅོས་སོགས་ཀྱི་རྣམ་གྲངས་ཁག་7ནི་ལིའུ་ཀྲེན་ཆིའུ་ཡིས་འཁྱེར་ཡོང་བ་ཡིན་ཞིང་། ཁོང་གིས“ང་རང་དེ་ནས་ཁ་བྲལ་ཡང་ལག་རྩལ་ནམ་ཡང་ཆབ་མདོར་གནས་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།